སུན་གདུང་ཁྲོད་ཀྱི་འཁོར་བའི་མི་ཚོགས།

འཇོ་མདའ་པདྨ།        2024-06-21

རྨི་ལམ་འཁྲུགས་པའི་རྗེས་སུ་སེམས་ཉིད་རྒྱུ།།

ཆགས་སྡང་ཚོར་རྡུལ་ཁྲོད་ནས་ལ་ལུང་བརྒལ།།

སྟོང་འདང་བརྒྱ་ཕྲག་ཀློང་ནས་མི་ཚེ་བསྐྱལ།།

འོང་མེད་ཆར་རྗེས་འཇའ་ལ་ལག་ཟུང་སྲིང་།།

སྣ་ཚོགས་སྣང་བའི་ཆོས་ལ་ཕར་ཕར་ཅེར།།

ཐོབ་འདོད་སེམས་ཀྱི་ཀུན་སློང་དྲག་ཏུ་ལྡིང་།།

རང་ཕྱོགས་ཡིད་ཀྱི་ནམ་མཁའ་རྟག་ཏུ་སྐྱོམ།།

དོན་མེད་སྟོང་པའི་དབྱིངས་ལ་མིག་ཟུང་འཁོར།།

བྱ་གཞག་ཙག་ཙིག་རེ་རེའི་མར་འོག་ན།།

བབ་ཅོལ་ཚིག་ཚོགས་རེ་རེའི་ཁུག་དཀྱོག་ན།།

འཚོ་བ་ཉིན་སྲིབ་གཉིས་ཀྱི་བར་མཚམས་ན།།

སྐྱོ་གདུང་ངལ་དུབ་ཁུར་ཏེ་བྲེལ་ཞིང་འདུར།།

འདས་དོན་ཆུ་ཟླ་འདྲ་བར་ནང་སེམས་ཆགས།།

འབྱུང་འགྱུར་རྨི་ལམ་འདྲ་བ་བདག་གིར་བྱེད།།

འཁྲུལ་སྣང་སྒྱུ་མའི་འཁོར་བ་གཞིས་སུ་སེམས།།

མྱ་ངམ་མུན་པའི་གྲོང་ནས་ཀླད་ཡུ་འཁོར།།

ཉིན་མཚན་དུས་དྲུག་ལས་ལ་འཐམས་ན་ཡང་།།

མངོན་སུམ་ལག་པའི་མཐིལ་དུ་ཡོང་རྒྱུ་ཉུང་།།

གདོང་དུ་གཉེར་རིས་འབབ་པ་སྐྱོ་བའི་རྒྱུ།།

རྐང་ལ་ངལ་དུབ་འཁྱིལ་བ་སྨྲེང་བའི་རྒྱུ།།

དབུགས་རིང་དབུགས་ཐུང་བར་ནས་ལས་ལ་འཇུ།།

ཇ་ཡུན་སྐད་ཅིག་ཙམ་ལ་ལྷོད་མི་ཆགས།།

ཉིན་གང་རྒྱུ་ཞིང་མཚན་གང་ཉུལ་བ་ཡི།།

འཁོར་བའི་མི་ཚོགས་དལ་བའི་དུས་སྐབས་ཉུང་།།

མིག་སྔུན་མཁོ་གལ་བཟའ་བཏུང་མོད་པའི་ཁར།།

དགོས་དགོས་འཚོ་བའི་ཆ་ལག་ཅི་འཛོམས་ཀྱང་།།

དོན་མེད་སུན་གདུང་ཚོར་བས་མནར་བ་ཡི།།

འཇིག་རྟེན་མི་རྣམས་སྤྲོ་བའི་སྐལ་བཟང་དབེན།།

  • ལེ་ཚན་སྔོན་མ།:ཕྱི་ཐག་ནང་གི་སྨོན་འདུན།
  • ལེ་ཚན་རྗེས་མ།:འབྲོང་།