ཁྲེང་ཏུའུ་ལུང་ཆོན་དབྱི་རུ་དཀར་མཛེས་རྫོང་གིས་བྱེད་སྒོ་འདི་སྤེལ།

        2024-06-20

     ཉེ་ཆར། འབྲི་ཆུ་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་དུམ་མཚམས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་ཀྲུང་ཧྭའི་སྲོལ་རྒྱུན་ཕུལ་བྱུང་རྒྱུན་འཛིན་དར་སྤེལ་བྱ་ཆེད། ཁྲེང་ཏུའུ་གྲོང་ཁྱེར་ལུང་ཆོན་དབྱི་ཆུས་ཡ་མ་ཧོ་སྤྱི་གླིང་དུ་གངས་ཅན་ལྗོངས་ཀྱི་མཛེས་སྡུག་རབ་ཏུ་ངོམ་པ་སྒྱུ་རྩལ་གྱི་ཉམས་འགྱུར་རིང་དུ་མངོན་པས་གཙོ་དོན་དུ་བྱས་པའི་དཀར་མཛེས་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་ལུང་ཆོན་དབྱི་རུ་འགྲེམས་སྟོན་གྱི་བྱེད་སྒོ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

     ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་དཀར་མཛེས་རྫོང་གི་ཕུན་སུམ་ཚོགས་པའི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱས་ནས་ཁྲེང་ཏུའུ་ཡི་གྲོང་མི་རྣམས་ལ་ཉེ་སར་ནས་དཀར་མཛེས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་མྱོང་ཚོར་བྱ་རྒྱུ་དེ་རེད། སྤྱི་གླིང་དུ་དཀར་མཛེས་རྫོང་ནས་ཡོང་བའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་མང་པོ་ཞིག་གིས་རང་རང་གི་ལག་རྩལ་ངོམ་ནས་ལྟད་མོ་བ་ཚོར་བརྗེད་པར་དཀའ་བའི་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད། མཛད་སྒོའི་ཐོག་ད་དུང་ལུང་ཆོན་དབྱི་ཆུས་ཀྱིས་དཀར་མཛེས་རྫོང་ལ་དཔེ་དེབ་ཞལ་འདེབས་ཕུལ་བ་དང་། དཔེ་དེབ་དེ་ཚོ་ནི་རྩོམ་རིག་སྒྱུ་རྩལ་དང་། ཚན་རྩལ་ཤེས་བྱ། ལོ་ཆུང་བྱིས་པའི་ཀློག་དེབ། ཆེད་ལས་ཞིབ་འཇུག་སོགས་ཁྱབ་ཁོངས་སྣ་མང་དུ་ཚུད་ཡོད།

     ད་ཐེངས་ཀྱི་བྱེད་སྒོ་གཉེར་བ་དེས་དཀར་མཛེས་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་བརྒྱུད་བསྒྲགས་ཀྱི་སྟེགས་བུ་ཞིག་བསྐྲུན་ཡོད་པར་མ་ཟད། དཀར་མཛེས་རྫོང་དང་ལུང་ཆོན་དབྱི་གཉིས་བར་གྱི་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་སྔར་ལས་ཆེ་རུ་སོང་བ་དང་། འབྱུང་འགྱུར་དཀར་མཛེས་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ཐུབ་ངེས་རེད།།


གསར་འགོད་པ། བློ་བཟང་དོན་འགྲུབ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཧོང་ཕུའུ་དམག་དོན་སློབ་གྲྭར་ཤིས་འཕྲིན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།