《ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་ནུས་ཁུངས་ཉེན་མེད་སྐོར་གྱི་རྣམ་བཤད་བཤུས་བསྒྲིགས》 དཔར་དུ་བསྐྲུན་ནས་བཀྲམ།

( ཨོ་རྒྱན་གྱིས་བསྒྱུར།)        2024-06-17

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་ནུས་ཁུངས་ཉེན་མེད་སྐོར་གྱི་རྣམ་བཤད་བཤུས་བསྒྲིགས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

ནུས་ཁུངས་ཉེན་མེད་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་འཕེལ་རྒྱས་དང་བདེ་འཇགས་ཀྱི་འཐབ་ཇུས་མཐོ་ཚད་ནས་ནུས་ཁུངས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་པའི་ཐབས་ལམ་བཙལ་ཏེ་ནུས་ཁུངས་ཉེན་མེད་ཀྱི་འཐབ་ཇུས་གསར་པ་བཏོན་པ་དང་། ནུས་ཁུངས་འཛད་སྤྱོད་གསར་བརྗེ་དང་། ནུས་ཁུངས་མཁོ་སྤྲོད་གསར་བརྗེ། ནུས་ཁུངས་ལག་རྩལ་གསར་བརྗེ། ནུས་ཁུངས་སྒྲིག་སྲོལ་གསར་བརྗེ་བཅས་ལ་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ། རང་རྒྱལ་གྱི་ནུས་ཁུངས་མ་ལག་གསར་པ་མགྱོགས་མྱུར་འཛུགས་པ་དང་ནུས་ཁུངས་འགན་སྲུང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་པ། འཛམ་གླིང་ནུས་ཁུངས་ཉེན་མེད་དང་ནུས་ཁུངས་འཕེལ་རྒྱས་དང་ཕྱོགས་སྒྱུར་ལ་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ནུས་ཁུངས་ཉེན་མེད་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་འདོད་བློ་མཐོ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་བཅས་ཡིན་པས། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ནུས་ཁུངས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ནུས་ཁུངས་ཉེན་མེད་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། ནུས་ཁུངས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བ། ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཉེན་མེད་དང་བློས་འགེལ་ཆོག་པའི་ནུས་ཁུངས་འགན་སྲུང་འདོན་སྤྲོད་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

《རྣམ་བཤད་བཤུས་བསྒྲིགས》ལ་ཆེད་དོན8ཕྱེ་ནས་ཁྱོན་རྣམ་བཤད་དུམ་བུ217ཡོད་པ་དེ་བློ་མཐུན་ཞི་ཅིན་ཕིང་གིས2012ལོའི་ཟླ11པ་ནས2024ལོའི་ཟླ5པའི་བར་གྱི་སྙན་ཞུ་དང་། གཏམ་བཤད། འཁྲབ་བཤད། གཏམ་གླེང་། རྟེན་འབྲེལ་འཕྲིན་ཡིག། འཕྲིན་ལན། མཛུབ་སྟོན། བཀའ་མཆན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན130ལྷག་ནས་བཤུས་ཡོད། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཐེངས་དང་པོར་ཡོངས་བསྒྲགས་ངང་སྤེལ་བ་ཞིག་རེད།། 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་རྒྱལ་ཁབ་ཀྱི་ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།