དོ་ནུབ་ཨ་ཕ་ལྷག་ཏུ་དྲན།

༼ ཨ་ནུ་དད་ཞེན། ༽        2024-06-14

དོ་ནུབ་བུ་མོ་ངའི་ཁྲ་ཆུང་མིག་གི་དབང་པོར། ཐག་རིང་བྱང་འབྲོག་གི་རྩྭ་ཐང་ན། ནོར་ལུག་འཚོ་བཞིན་པའི་ཨ་ཕ་ཁྱེད་འཁོར་བྱུང་ལ། སེམས་ཀྱི་ཁང་པ་རུ་སྦྲ་ནག་དང་ནོར་གནག་ལ་ཞེན་ཆེ་བའི་ཨ་ཕ་ཁྱེད་འཛུལ་བྱུང་། དེ་བས་བདག་གིས་ཁྱེད་ཀྱི་སྐུ་དྲིན་བརྗེད་པ་མེད་པར་དྲན་ཞོར། ཁ་ཞེ་གཉིས་མེད་ཀྱིས་ཨ་ཕ་ཁྱེད་མཆོག་ལ། ངེད་མིང་སྲིང་ཚོར་ད་བར་ཐུགས་བརྩེའི་གཅེས་སྐྱོང་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་བ་ཡིན་ལ། ནུས་མེད་ཀྱི་བུ་མོ་ཆུང་ཆུང་ངས་ད་ལྟ་ལ་ཐུག་གི་བར། ཁྱེད་ཀྱི་བཀའ་དྲིན་དྲན་པའི་རྩོམ་ཐུང་གཅིག་ཀྱང་འབྲི་མ་ཐུབ་པར། དགོངས་པ་བཟོད་གསོལ་གནང་རོགས་ཞེས་ཀྱང་ཞུ་བར་བྱེད།

ཨ་ཕ་ལགས། བུ་ཕྲུག་ང་ཚོའི་ཆེད་དུ་ཁྱེད་ལ་སེར་སྣ་ཞེས་པའི་ཐ་སྙད་དེ་འཇུག་གི་མེད་པ་འདྲ། ཁྱེད་ལ་སེར་སྣ་ཟེར་བའི་ཐ་སྙད་ཅིག་ཡོད་ཀྱང་སྲིད་མོད། བུ་ཕྲུག་ཚོའི་དོན་དུ་ཁྱེད་ཀྱིས་ནམ་ཡང་སེར་སྣ་མི་གནང་བ་འདྲ། ཁྱེད་ཀྱིས་གོས་འཇམ་ཤོས་དང་ཟས་ཞིམ་ཤོས། གང་ལྟར་འཇིག་རྟེན་དེའི་སྒང་གི་ལེགས་ཤོས་ཡག་ཤོས་མཆིས་སོ་ཅོག་བུ་ཕྲུག་ང་ཚོར་སྦྱིན་གྱི་ཡོད་དེ། ཐ་ན་ཡུལ་མཛེས་པོ་མིག་གིས་མཐོང་ཡང་ང་ཚོར་མཛུབ་མོས་སྟོན་གནང་མཛད་ཀྱི་ཡོད། དེ་དག་གི་རྐྱེན་པས་ཡིན་ནམ། ཨ་ཕ་ལགས། ང་ནི་ཁྱེད་ལ་ཤིན་ཏུ་ནས་ཀྱང་དགའ་ལ་དོ་ནུབ་ལྷག་ཏུ་ཁྱེད་རང་དྲན། ཟླ་བའང་གསལ་རྒྱུ་མེད་པའི་ཁུ་སིམ་སིམ་གྱི་དོ་ནུབ། རྒྱང་རིང་གི་སྦྲ་ནག་སྨུག་པོའི་དབུས་ནས་ལྷས་རའི་ནང་གི་སྒོ་ཕྱུགས་དག་ལ་སེམས་པ་འཁྲེང་པའི་ཨ་ཕ་ཁྱེད་ཁོ་ན་ལྷག་ཏུ་དྲན།

ལྷ་ས་ནི་འཕྲུལ་འཁོར་གྱི་འུར་སྒྲས་མི་སེམས་ཀྱི་ལྷིང་འཇགས་འཕྲོག་པའི་ས་ཆ་ཞིག་སྟེ། མི་དག་ཀྱང་ཡང་ཞིང་གཡོ་བའི་རླུང་འདྲ་ལ། རླུང་གིས་འགུལ་བའི་རྩྭ་ལོའང་འདྲ་པོ་འདུག། འོན་ཀྱང་ཁྱེད་ཀྱིས་བསྩལ་བའི་གདམས་ངག་དང་བསླབ་བྱ་སེམས་ལ་ཡོད་སྟབས། ངས་ད་བར་དུ། ཚུལ་དང་ལྡན་པའི་མི་ཞིག་བྱ་རྒྱུ་ཞེ་ལ་བཅངས་ཤིང་། གཞན་ལྟར་ཕུགས་འདུན་ཆེན་པོ་མེད་ཀྱང་རེ་སྙེག་ཆུང་ཆུང་གཅིག་སྙིང་ཁར་རུམ་སྟེ་ཡོད། ཁྱེད་རང་གིས་ཀྱང་། ང་རང་མི་ཚོགས་ཀྱིས་རླུང་བུས་དེད་མ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ངེས་ལ། བུ་མོས་རེ་སྙེག་ཆུང་ཆུང་དེའི་སླད་དུ་འབད་པ་རྒྱུན་ཆད་མེད་པར་བྱེད་ཀྱི་ཡོད་པ་དྲན་ཚེ། ཁྱེད་རང་ཐུགས་ཡིད་ལོས་ཚིམས་ཨང་།

ཨ་ཕ་ལགས། འཚོ་བའི་ཁུར་པོས་ཁྱེད་ཀྱི་སྒལ་གཞུང་ཅི་ཙམ་མནན་རུང་། ཁྱེད་ཀྱིས་ནང་མི་ང་ཚོར་སྡུག་ཡུས་དང་འཁང་ར་སྤུ་ཙམ་བྱས་མ་མྱོང་། ད་རུང་ནམ་ཞར། ཆེས་ལྷད་མེད་ཀྱི་འཛུམ་མདངས་སྟོན་གྱིན། གཉེར་མའི་གསེང་ཡང་དྲོད་ཀྱིས་ཁེངས་ཏེ། ངེད་ཕུ་ནུ་མིང་སྲིང་ཚོར་སློབ་སྦྱོང་ཡག་པོ་གྱིས་ཨང་། འབད་བརྩོན་ལྷོད་མེད་གྱིས་ཤིག་ཅེས་བཀའ་མངགས་བགྱིད་ཀྱིན་ཡོད་ལ། ཡང་ནས་ཡང་དུ། མ་འོངས་པར་ཨ་ཕ་དང་ཨ་མ་ནང་བཞིན། ལུང་ཁུག་འདི་རུ་མ་ལུས་པ་བྱོས་ཞེས་སྐེ་ལ་ཡི་གེ་བྲི་བྲི་གནང་གི་ཡོད། དོ་ནུབ་བུ་མོ་བདག་གི་ཁྱེད་ཀྱིས་གསུངས་པའི་བསླབ་བྱ་དྲན་པས་སྐྱོར་གྱིན། སྐྱིད་ཆུའི་འགྲམ་ངོགས་ཀྱི་སློབ་གྲྭའི་ར་སྐོར་ནང་ནས་སྐྱིད་ཆུའི་འགོ་ཁུངས་ན་ཆགས་པའི་ཨ་ཕ་ཁྱེད་དྲན་བཞིན་ཡོད།

ཨ་ཕ་ལགས། ཁྱེད་ཉིད་ཡོད་པས། གུས་མོར་ཤེས་བྱ་རིག་གནས་སྦྱོང་བའི་གོ་སྐབས་རྙེད་བྱུང་ལ། གུས་མོའང་ཁྱེད་ལྟར་ཁོག་རྒྱ་ཡངས་ལ་བློ་སེམས་དཀར་བའི་གཞོན་ནུ་གཅིག་ཏུ་འགྱུར་གྱིན་འདུག། གཅིག་བྱས་ན། ཁྱེད་ཀྱིས་གུས་མོ་གསོ་སྐྱོང་གནང་བའི་དམིགས་ཡུལ་ཡང་དེ་ལས་གཞན་ཡོད་མི་སྲིད། ཨ་ཕ་ཁྱེད་ཀྱིས་ཆར་ཆུ་དང་ཉི་དྲག་ལ་མ་འཛེམས་པར་སྐུ་ལས་བསྐྱོན་གནང་མཛད་པ་དག་ལ་གཟུགས་ཡོད་ན། ས་སྒང་འདིར་རི་དེའུ་གཅིག་མང་དུ་འགྲོ་ངེས། ཁྱེད་ཀྱིས་སྐྱེ་བ་འདིར་ངེད་ནང་མི་ཚོ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ན་བསམ་པ་མ་གཏོགས། རང་ཉིད་ཀྱི་བདེ་སྡུག་ལ་ཐུགས་བསམ་ཡེ་ནས་བཞེས་མེད་པ་བུ་མོ་བདག་གིས་ཤེས་ནས་ཡོད་ལགས། དེ་ལྟ་བས་ན། ཨ་ཕ་ལགས། ང་ཁྱེད་ལ་དགའ་དགའ་སུ་ལ་ཡང་མི་དགའ་ལ། ཁྱེད་ལ་འཁྲེན་འཁྲེན་སུ་ལའང་མི་འཁྲེན་ནོ། །

  • ལེ་ཚན་སྔོན་མ།:དུངས་བརྗོད་ཚིག་གི་ལྡབ་ལྡིབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།