ཙ་སུར་སྦྱིན་པ། 2024-05-10
བཟང་མོ་ལོ་གསུམ་གྱི་སྟེང་ཨ་ཕ་སྙུང་གཞི་ལྕི་མོ་ཞིག་ཕོག་པའི་རྐྱེན་དབང་གིས་མ་བུ་གཉིས་བཞག་སྟེ་འཇིག་རྟེན་འདི་དང་གཏན་དུ་གྱེས་སོང་། གློ་བུར་བའི་དོན་དག་དེ་འདྲ་ཞིག་མྱོང་དགོས་པ་བཟང་མོའི་ཨ་མ་མ་བུ་གཉིས་ཀའི་ཡིད་ལ་ཡེ་ནས་ཤར་མ་མྱོང་རུང་། འདས་པའི་མཐའ་མ་བྲལ་འགྲོ་བའི་ཆོས་ཉིད་བཙན་པོས་བཟང་མོའི་ཨ་ཕ་དེ་ལྟར་ཕེབས་སོང་།
ཁྱིམ་ཚང་སྐྱིད་ལ་བསམ་པའི་བདེ་བ་མ་ཐོབ་ཅིང་། འཚོ་བ་བདེ་ལ་སྙེག་པའི་ངོ་སོ་མེད་པ་ནི་འོ་ཅག་དབྱངས་གསལ་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་མ་འགྲིག་པའམ་ཡང་ན་བཞི་སུམ་ཅུ་འཛིན་གྲྭའི་དགེ་སློབ་ཡོངས་པོའི་འདུ་ཤེས་འཛིན་སྟངས་ལེགས་པོ་ཞིག་མ་འཁྱོངས་པའམ་གང་ཞིག་གི་སྲོལ་རྒྱུན་རིག་གནས་དང་རང་སྐད་བོད་ཡིག་གི་རྟིང་མ་ལོན་ཞིང་འདང་མ་ཕོག་པར་རྒྱ་ཡན་གྱིས་ལད་ཀྱིན་འདུག་གམ།
༼ ༡ ༽
ད་ནངས་ཁ་བ་ལེབ་མོ་རེ་འཐད་ལ་མི་འཐད་པའི་ངང་ས་རུ་ཟགས་ཀྱིན་འདུག་ལ། སློབ་རའི་ནང་གི་ཙན་དན་དཀར་པོའི་ལྗོན་ཤིང་དེ་རྒས་འཁོགས་ཤིག་ལོ་ཟླས་མནར་ནས་ཧོབ་ཀྱིས་བསྡད་པ་དང་ཀུན་ནས་མཚུངས། མིག་རྡེབ་དབང་ཙམ་གྱིས་དབྱངས་གསལ་སློབ་གྲྭའི་སློབ་སྐབས་གཅིག་ཁ་བ་ཆུ་ལ་འཐིམ་པ་བཞིན་ཡལ་སོང་། རྡོག་སྒྲས་མ་མནོན་ཞིང་སེམས་ཀྱིས་མ་ཁུག་པའི་དུས་ཚོད་ཀྱིས་ཁེངས་དགོད་ཅིག་དང་མཉམ་དུ་འཁང་ར་དང་ལེ་བདའ་ཅི་འདྲ་བྱས་རུང་། སློབ་གྲོགས་བཟང་མོའི་ནང་སེམས་ཀྱིས་ལུད་རུང་ཕྱིའི་རྣམ་འགྱུར་བཅོས་མ་དེ་མཐོང་མ་ཐག་ཁོའི་སེམས་ལ་རྨ་ཁ་མེད་པའི་ན་ཟུག་ཚ་དྲག་པ་ཞིག་ཡོད་པ་མིག་གི་མཐོང་ལམ་དུ་མངོན་འདུག།
སློབ་གྲོགས་ཚང་མ་ཚ་ཚ་འུར་འུར་གྱིས་ཕ་ཡུལ་ལ་བསྐྱོད་པའི་རླངས་འཁོར་ལ་བསྡད་དེ་བུད་སོང་ལ། སངས་དོན་གྱིས་ད་རུང་སློབ་གྲྭའི་སྒོ་ཆེན་ཁ་ན་ཕ་ཡུལ་དུ་བསྐྱོད་པའི་རླངས་འཁོར་ལ་སྒུག་བཞིན། ཞེ་ལ་འཐག་པའི་སྨྲེང་སེམས་ཤིག་གམ་དགུན་གནང་སྐབས་ཀྱི་ལས་བྱར་འདང་རྒྱག་གིན་ཡོད་དམ། ཡང་ན་ཕྱི་མིག་གི་འཁྲེང་སེམས་བར་ན་ཙན་དན་ལྗོན་པའི་དྲི་ངད་དང་ཡང་ན་བློས་མི་ཐོངས་པའི་དོན་དག་ཅི་ཞིག་ཡོད་དམ།
དབྱངས་གསལ་སློབ་གྲྭའི་སློབ་མ་ཚང་མ་སོང་ཚར་བའི་རྗེས་ན། ད་རུང་སློབ་མ་ཚོའི་མལ་ཁང་བར་ཁྱམས་ན་དེང་དུས་གྲོང་ཁྱེར་གྱི་གཞུང་ལམ་གད་སྙིགས་ཕྱགས་པའི་ལས་བཟོ་བ་དང་འདྲ་བར་ཁོམ་གྱིན་མི་འདུག་མོད། ཁོའི་སྤོབས་སེམས་ཀྱིས་ཁེངས་པའི་བཅོས་མིན་གྱི་ཡིད་ཆེས་དང་འཛུམ་མདངས་ནི། སློབ་གྲོགས་གཞན་པ་དང་མི་འདྲ་བར་གཞན་སུ་ཞིག་གིས་བློར་མི་ཤོང་ཞིང་རྟོགས་དཀའ་བའི་ཚོད་དུ་འདུག། དེ་ནི་ད་རུང་ཕ་ཡུལ་ལ་འགྲོ་མ་ཕོད་པར་སློབ་མའི་སྡོད་ཁང་བར་ཁྱམས་ན་གཙང་སྦྲ་བྱེད་པར་འདུར་བའི་བཞི་སུམ་ཅུ་འཛིན་གྲྭའི་སློབ་མ་བཟང་མོ་རེད།
སངས་དོན་གྱི་སེམས་པའི་ཕྱི་ནང་ན་རྒྱུ་བའི་བཟང་མོ་ནི། ཁོ་གཅིག་པུ་མ་ཡིན་པར་སློབ་གྲོགས་ཡོངས་ཀྱི་མིག་ལམ་ན། ཞི་དུལ་བག་ཡོད་དང་གཞུང་རྒྱུད་ངང་བཟང་། ནམ་ཡང་གྲིམ་ལྷོད་རན་པའི་འགྲོ་འདུག་སྤྱོད་གསུམ་དང་། རིང་ཐུང་འཚམ་པའི་སྐྱེས་གཟུགས་སྨྱུག་མ། ད་དུང་ཁྱེད་ཀྱི་ནག་གནག་ལན་བུའི་ལྕང་ལོ་དང་། གོར་གོར་ཟླ་བའི་བཞིན་འཛུམ། གསལ་ལ་མི་གསལ་བའི་མཁུར་ཚོས་ཀྱི་དམར་མདངས། སྨིན་ལ་མ་སྨིན་པའི་མཛེས་ཉམས་དོད་པའི་ལང་ཚོའི་གཞོན་ཤ་སོགས། ཚ་བས་གདུངས་པའི་སློབ་གྲོགས་ཚོར་ངེས་མེད་ཀྱི་གྲུ་ཆར་ཞིག་གམ་དུས་མིན་གྱི་དཔྱིད་དཔལ་ཞིག་ཚེས་སུ་བཅུག་པ་ཁོ་ཐག་ཡིན།
༼ ༢ ༽
བརྩེ་བ་ལ་འགྱུར་བ་མེད་ཅིང་ཡ་རབས་ལ་ཀུན་ནས་གཅེས་པའི་བཟང་མོའི་ཨ་མ་ལྷག་བསམ་བཟང་མོ་ཡང་། བློ་བརྟན་འགྱུར་མེད་དང་། ཡིད་རྟོན་རང་འཕེར་ཅན། སྡུག་ལ་མི་སྐྲག་ཅིང་སྐྱིད་ལ་ཆོག་ཤེས་ལྡན་པ། ངང་རྒྱུད་རིང་ཞིང་གཞུང་རྒྱུད་དྲང་བ། བཤད་པ་ཉུང་ཞིང་སྒྲུབ་པ་མང་བའི་ལས་བརྩོན་སེམས་བཟང་གི་མཛངས་མ་ཞིག་ཡིན་པའང་ཀུན་གྱིས་སྨོན་ཡུལ་དུ་གྱུར་ཡོད་པར་མ་ཟད། བཟང་མོ་ཕ་དང་བྲལ་ནས་བཟུང་མོ་གཅིག་པུས་ཁ་ཡོད་ལག་ཡོད་དང་། ཁ་སེམས་གཉིས་མེད་ཀྱི་ངང་ནས་སེམས་ཀྱི་སྐྱོ་སྡུག་དང་ལས་ཀའི་སྣོན་ཤུགས་གང་ཡིན་ཐམས་ཅད་མོ་ཁེར་བས་ཕྲག་ཏུ་བླངས་ནས། བཟང་མོ་ལོ་བཅུ་དགུ་སོན་པའི་ད་བར། སྤྱི་ཚོགས་ཀྱི་མཆེ་སྡེར་ལ་གདོང་གཏད་དེ་འགོ་ལས་བྱེད་ཚོའི་ཚིག་ཟུར་གྱི་རྣོ་དབལ། གྲོགས་ན་མཉམ་ཚོའི་མིག་ཟུར་གྱི་འཕྱ་དམོད། ཐ་ན་སློབ་མ་སོ་སོའི་ཁྱིམ་བདག་ཚོས་ཁ་ཟུར་སྣ་ཟུར་གྱི་མཆིལ་ཞགས་ཅི་འདྲ་རྩུབ་ཀྱང་རྒོད་རུང། དབྱངས་གསལ་སློབ་གྲྭའི་སློབ་དཔྱོད་ཁང་གི་འགོ་གཙོ་དང་བཞི་སུམ་ཅུ་འཛིན་གྲྭའི་བོད་ཡིག་དགེ་རྒན་ནི་ཨ་མ་ལྷག་བསམ་བཟང་མོ་ཡིན། མོའི་བུ་མོ་བཟང་མོ་ཡང་ཨ་མ་དང་འདྲ་བར་སྐྱིད་སྡུག་གང་ཞིག་འཕྲད་ཀྱང་བློ་རྩ་བརྟན་པོ་ཅན། དགའ་ནས་དགོད་མི་དྲགས་ཤིང་སྐྱོ་ནས་ངུ་མི་ཤོར་བའི་རང་ཚུགས་རྣོན་པོ་ཅན་ཞིག་ཡིན།
ཨ་མ་ལྷག་བསམ་བཟང་མོའི་བུ་མོ་བཟང་མོ་དང་སངས་དོན་གཉིས་ཁྱིམ་མཚེས་ཡིན་ལ། དུས་རྒྱུན་སྒོ་ལྷས་བར་གྱི་མཉམ་འགྲོ་མཉམ་འདུག་གི་རྩེད་གྲོགས་ཆེས་བཟང་བོའང་ཡིན། སངས་དོན་ལོ་དགུ་དང་བཟང་མོ་ལོ་བརྒྱད་ཀྱི་སྟེང་ཁོ་གཉིས་སློབ་ཆུང་གི་སྒོ་ཐེམ་ཡང་མཉམ་དུ་བརྒལ་བས། དབྱངས་གསལ་སློབ་གྲྭའི་བཞི་སུམ་ཅུའི་འཛིན་གྲྭའི་ཤེས་རིག་གི་ས་བོན་རྒུམ་པའི་སློབ་གྲོགས་ཡིན་པར་མ་ཟད། དན་གྲོགས་ཤིག་ཡིན་ཞེས་བཤད་ཆོག་ཆོག་ཡིན།
ཐེངས་འགར་སློབ་གྲྭའི་རྒྱུགས་སྤྲོད་སྐབས། བཟང་མོས་མ་ཤེས་པའི་མིང་ཚིག་སྐོར་ཞིག་སངས་དོན་གྱིས་མོ་ལ་ལྐོག་ནས་བཤད་ཁུལ་བྱས་མོད། བཟང་མོ་ཡང་སློབ་སྦྱོང་ཡག་པོ་ཅན་དང་སྦྱངས་འབྲས་མཐོན་པོ་ཅན་གྱི་རིགས་དེ་འདྲ་མིན་རུང་། རྒྱུགས་སྐར་ཁོ་ནར་ལྟ་མཁན་ཞིག་དེ་བས་ཀྱང་མིན་སྟབས། ད་དུང་མོས་ང་ལ་ཁྱོད་ཀྱིས་ནམ་རྒྱུན་སློབ་ཁྲིད་སྐབས་དང་། རང་སློབ་གྲྭའི་རྒྱུགས་སྤྲོད་སྐབས། བྱ་བ་དེ་འདྲའི་རིགས་རྩ་བ་ནས་བྱ་མི་ཉན་པར་མ་ཟད། རྗེས་སུ་བྱ་བ་དེ་འདྲ་བགྱིས་པ་ཕར་བཞག་མོས་གོ་ཐོས་ཙམ་ཡོད་ནའང་། འུ་གཉིས་ཆུང་དུས་ནས་ད་བར་འགྲོགས་ཤིང་འདྲིས་པའི་བྱིས་བློའི་དགའ་སྣང་དང་བརྩེ་འཛུམ་གྱི་མདངས་ཤོར་ན་མི་བཟང་ཞེས་ཐེངས་འགར་ལབ་སོང་།
དེ་ནི་སངས་དོན་ལ་མཚོན་ན་ཆེས་ལྕི་བའི་ནད་རྙིང་ཞིག་དུ་གྱུར་དང་འགྱུར་བཞིན་འདུག་མོད། མཚམས་རེ་ཁ་བརྡ་བྱ་འདོད་སྐབས་སྔུན་ལ་ལྕེ་བསྣར་ཞོར་དང་མགོ་ལ་ལག་པས་འཕྲུག་ཞོར་ཁ་བརྡ་བགྱིས། སྐད་ཆ་བཤད་དུས་ཀྱང་སྐད་གདངས་ཅུང་མཐོན་པོས་ལབ་མཁན་ཞིག་ཡིན། བློ་རིག་མི་བཟང་རྒྱུ་མེད་མོད། ནམ་རྒྱུན་བརྩོན་པ་མི་བྱེད་པར་ཕུ་རྡོ་དང་ཚེ་རྡོ་སོགས་རྩེད་དགོད་ལ་གཡེང་བའི་སློབ་གྲོགས་ཚོའི་ཁར་ཉན་ནས། སློབ་སྦྱོང་དང་སྦྱངས་འབྲས་དེ་འདྲ་ཡག་པོའི་གྲལ་མིན་རུང་། ཆུང་དུས་ཀྱི་རྩེད་ཡ་དགོད་གྲོགས་དང་གཞོན་དུས་ཀྱི་འགྲོ་རོགས་འདུག་གྲོགས་ཀྱི་བཟང་མོ་ལོ་གསུམ་གྱི་སྟེང་ཕ་དང་བྲལ་ནས་བཟུང་། སངས་དོན་ཕ་མ་གཉིས་ཀྱིས་རང་གི་བུ་ལ་ཇི་ལྟར་གཅེས་པ་བཟང་མོ་ལ་ཡང་དེ་ལྟར་སྙིང་ནས་གཅེས་ཤིང་འཛུམ་གྱིས་བསྐྱངས་ནས་གཉོམ་ལག་རྒྱས་སུ་བཅུག་པས། སངས་དོན་གྱིས་བཟང་མོར་བཅངས་པའི་བརྩེ་འདང་ཧ་ཅང་གཏིང་ཟབ་ལ། དེ་ནི་ཁོས་མ་འོངས་པའི་ཆུང་མར་རེ་བའི་བརྩེ་ཞེན་དང་དུངས་པའི་ལྷག་མ་གང་ཞིག་ཡིན་པ་གཞི་ནས་རྟོགས་ཀྱིན་མེད།
༼ ༣ ༽
དེ་བས་ཉིན་འགར་སངས་དོན་གྱི་སེམས་པའི་སྐྱོ་སྣང་ཡོད་ཚད་རུམ་ལ་བཅུག་ཅིང་ནམ་རྒྱུན་བཟང་མོ་དང་ཁོ་གཉིས་ཀྱི་རང་སྦྱོང་བྱ་ཡུལ་ཏེ། སློབ་རའི་ཕྱིའི་ར་སྐོར་གྱི་ཙན་དན་ལྗོན་པ་ཡོད་སའི་ཉེ་འགྲམ་དུ་སློབ་སྦྱོང་བྱས་ཁུལ་དང་བསྐྱར་སྦྱོང་བྱས་ཁུལ་ཨུ་ཚུགས་ཀྱིས་བགྱིས་པ་ལས། བློ་གཅིག་སེམས་གཅིག་གི་སྦྱོང་བ་ཞིག་ཡེ་ནས་མིན་པར། བློ་ལ་འཛིན་རྒྱུ་རྒྱུགས་དང་ཡིད་ལ་འཆར་རྒྱུ་བཟང་མོ་ལས་ཅི་ཡང་མི་འདུག་པར་མ་ཟད། ནམ་རྒྱུན་ཉིན་རེའི་ལུས་རྩལ་གྱི་སློབ་ཐུན་འཛིན་གྲྭ་གང་ཡིན་བལྟ་བ་ལའང་སྤྲོ་སྣང་དང་དགའ་བོ་མེད་པར་གྱུར་འདུག།
ཡང་ཐེངས་ཤིག་ལ། བོད་ཡིག་མཇུག་རྒྱུགས་སྤྲོད་སྐབས། སངས་དོན་གྱིས་སྒྲ་མཚུངས་དོན་མི་འདྲ་བའི་མིང་ཚིག་གཉིས་མ་ཤེས་པར་ལྐོག་ཏུ་བཟང་མོ་ལ་དྲིས་ཀྱང་། བཟང་མོས་སངས་དོན་ལ་ཁ་ཡ་ཙམ་ཡང་མི་བྱེད་པར། མ་གོ་ཁུལ་དང་མ་རིག་པ། མ་མཐོང་བ་བཅས་བྱས་ནས་བསྡད། སངས་དོན་གྱི་སེམས་ལ་བཟང་མོ་ནི་ངོ་མ་གྱུར་ཚར་ནི་རེད། དེ་བས་ཀྱང་ཁས་ཉིན་ང་ལ་བཤད་པའི་དགའ་སྣང་དང་བརྩེ་འཛུམ་གྱི་མདངས་ཤོར་འགྲོ་ཟེར་བ་དེ་རྒྱུགས་ཁོ་ན་ཙམ་མ་རེད་བསམ་གྱིན། དེ་ལས་ཀྱང་སེམས་ངལ་ཞིང་ཡིད་སྐྱོ་བའི་ངང་སློབ་གྲྭ་གྲོལ་རྗེས་སངས་དོན་ཁོ་གཅིག་པུ་རང་ཡུལ་དུ་ལོག་པ་རེད།
སངས་དོན་ཕྱིར་ཁྱིམ་དུ་ཐོན་མ་ཐག་ཨ་མས་དགོང་ཇ་བསྐོལ་ཡོད་རུང་། སངས་དོན་ལ་འཐུང་འདོད་ཞིག་ཡེ་ནས་མེད་པར་ཁོ་རང་གཅིག་པུ་ཉལ་ཁང་དུ་སོང་ནས་རང་སྦྱོང་བྱས། ཁེར་བུས་རང་སྦྱོང་བྱེད་སྐབས། སྒོ་ཡང་མི་རྡུང་བར་ཙག་སྒྲ་དང་བཅས་བཟང་མོ་སངས་དོན་གྱི་གམ་དུ་སླེབས་བྱུང་། སངས་དོན་གྱིས་མོ་ལ་ལྟ་ཙམ་བྱས་པ་ལས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་རང་གི་རྐུབ་སྟེགས་སྟེང་ནས་དཔེ་ཆར་བལྟས་ནས་བསྡད་པ་ཡིན་མོད། འོན་ཀྱང་། བཟང་མོས་ལྷག་བསམ་ཟོལ་མེད་དང་བརྩེ་བ་རྣལ་མ་ཞིག་གིས་ཝེ། ཝེ། རྒྱུགས་སྤྲོད་སྐབས་ཁྱོད་ལ་ལྐོག་ནས་དེ་ལྟར་བཤད་པ་ཡིན་ན། མིང་ཚིག་དེ་དག་ཁྱེད་ཀྱིས་ནམ་ཡིན་ཡང་དོ་སྣང་མི་བྱ་བ་དང་། རང་གི་བསམ་བློ་རང་གིས་བཀོལ་སྤྱོད་བྱེད་མི་ཐུབ་ཅིང་ཁྱོད་ཀྱི་བློ་དང་ཤེས་རབ་ལ་མཐོང་ཆུང་དང་གནོད་པ་ལས་ཕན་པ་མེད་སྟབས་ངས་ཁྱོད་ལ་མ་བཤད་པ་ཡིན། ད་ངས་ཁྱོད་ལ་བཤད་ཀྱང་ཆོག་ལ་འུ་གཉིས་མཉམ་དུ་སློབ་སྦྱོང་བྱེད་ཅེས་ཟེར་གྱིན་སངས་དོན་གྱི་གམ་དུ་བསྡད།
སངས་དོན་ལ་མཚོན་ན་གཅིག་ནས་དེ་རིང་རང་གིས་མ་ཤེས་པའི་མིང་ཚིག་དེ་དག། ད་ཤེས་སོང་རུང་མིང་ཚིག་དེའི་རྒྱུགས་སྐར་ལེན་མ་ཐུབ་པས། དགའ་སྐྱོ་ཟུང་འབྲེལ་གྱི་སྨྲེང་སེམས་དང་བཅས་མགོ་བོ་ཡར་དགྱེ་མ་ཐུབ་པར་ཤབ་ཤུབ་ཀྱིས་བཟང་མོ་ལ་བཀའ་དྲིན་ཆེ་ཞེས་ཟེར་བ་ལས་སྐད་ཆ་གཞན་པ་ཚིག་གཅིག་ཀྱང་མ་བཤད། གཉིས་ཡིན་ན་བཟང་མོ་དང་ཁོ་གཉིས་མཉམ་དུ་ཙན་དན་ལྗོན་པའི་འགྲམ་དུ་རང་སྦྱོང་གིས་དཔེ་ཀློག་བྱེད་ཐུབ་སྙམ་པའི་དགའ་སྣང་གི་ཚོར་བ། གསུམ་ཡིན་ན་ཡང་ནམ་རྒྱུན་དང་འདྲ་བར་མཉམ་དུ་སློབ་གྲྭར་འགྲོ་ཐུབ་པས་དགའ་སྤྲོས་ཁེངས་ལ། བཟང་མོས་སངས་དོན་གྱིས་མ་ཤེས་པའི་མིང་ཚིག་དེ་དག་ཁ་གསལ་ཞིང་གོ་བདེ་བ། ཉམས་ཡག་ཅིང་གདངས་སྙན་པའི་ངང་གསལ་འདེབས་བྱས་མཐར། སངས་དོན་གྱིས་ཀྱང་རིམ་པར་ཤེས་རྗེས་བཟང་མོ་ཡང་དགའ་སྤྲོའི་ངང་ཡ་ད་འགྲིག་འདུག་སྒྲ་མཚུངས་དོན་མི་འདྲ་བའི་ཐ་སྙད་ད་དུང་ཧ་ཅང་མང་ནི་རེད། རྗེས་མར་སློབ་སྦྱོང་ཕྱོགས་ལ་ཤུགས་སྣོན་རྒྱུ་མ་བརྗེད་ཨ་ཞེས་ཟེར་བཞིན་བརྩེ་འཛུམ་གྱིས་བཞད་པའི་མེ་ཏོག་སེར་ཆེན་དེ་གཡུ་སྦྲང་སངས་དོན་གྱི་གམ་ནས་ལྡ་མ་ལྡིང་གིས་ཕྱིར་རང་ཁྱིམ་དུ་ལོག་སོང་།
༼ ༤ ༽
ཕྱི་ཉིན་གྱི་སྔ་མོའི་གནམ་གཤིས་ཀྱང་དྲོ་ཞིང་འཇམ་ལ། གཡའ་དག་པའི་ནམ་མཁའ་ན་སྤྲིན་དཀར་ལེབ་མོ་ཆུང་ཆུང་འགའ་རེར་མཚམས་མཚམས་ན་ལང་ལོང་དུ་འགུལ་གྱིན་ཡོད་པ་དེས། བཟང་མོ་དང་སངས་དོན་གཉིས་སློབ་གྲྭར་ཡོང་བར་བསུ་མ་བྱེད་ཀྱིན་ཡོད་པ་དང་གཉིས་སུ་མ་འདས་པས། ཁོ་གཉིས་མུ་མཐུད་དུ་སློབ་གྲྭའི་ཕྱོགས་སུ་མདུན་སྐྱོད་བྱས་ཤིང་། སློབ་རའི་ནང་ཐོན་ནས་ཅུང་མ་འགོར་བར་ཅོང་བརྡ་ཡང་གྲག། གཅིག་ལ་གཅིག་དགའ་དང་གཅིག་ལ་གཅིག་དུངས་ཀྱི་སྣང་བས་ཅི་འདྲའི་མགྱོགས་པའི་ངང་སློབ་གྲྭར་འབྱོར་ཡོད་པར་མ་ཟད་སློབ་ཐུན་ཡང་འཚོག་རན་འདུག། སྐྱོ་སེམས་དང་སྡུག་ཡུས་མེད་པར་དེ་ལྟར་སྤྲོ་སེམས་ཁོལ་བའི་ངང་སློབ་སྦྱོང་བྱས་ན་སེམས་ཁམས་ཧ་ཅང་སྐྱིད་ལ། ལས་བྱ་ཅི་ཞིག་གི་ཡིན་ཡང་སྦྱངས་འབྲས་གང་ལ་གང་འཚམ་རེར་ལོན་པ་དེ་བས་ཀྱང་མངོན་གསལ་རེད།
དགེ་རྒན་གྱིས་སངས་དོན་ལ་ཁ་སང་ཁྱེད་ཀྱིས་རྒྱུགས་ཤོག་སྟེང་གི་མིང་ཚིག་རེ་གཉིས་བྲིས་མེད་པ་དེ་ཅི་མ་ཉན་ནི་རེད། དེ་རིང་མིང་ཚིག་དེ་དག་གང་གང་རེད་ཅེས་དྲིས་བྱུང་། སངས་དོན་གྱིས་རེ་རེ་བཞིན་ལན་བཏབ་པ་ན་དགེ་རྒན་གྱིས་དེ་རིང་ཁྱེད་ཀྱིས་འདི་འདྲའི་མགྱོགས་པོར་ཤེས་སོང་བ་ཅི་ཡིན་ཞེས་དྲིས། སངས་དོན་གྱིས་བཟང་མོའི་ཕྱོགས་ལ་མཛུབ་མོ་བསྟན་ཏེ་མོས་ཁོ་བོར་མདང་ནུབ་རང་ཁྱིམ་དུ་ཡོང་ནས་ཁྲིད་པ་རེད་ཅེས་ཞུས་པ་ན། བཞི་སུམ་ཅུ་འཛིན་གྲྭའི་དགེ་རྒན་དང་སློབ་གྲོགས་ཚང་མ། ལྷག་དོན་དུས་རྒྱུན་ཁོ་གཉིས་ལ་ཁ་གཅུས་སྣ་གཅུས་བྱེད་ཀྱིན་པའི་སློབ་གྲོགས་ཕུ་རྡོ་དང་ཚེ་རྡོ་གཉིས་ཀྱིས་ཀྱང་ཁྱེད་གཉིས་ནི་དངོས་གནས་དྲང་གནས་ཀྱི་སློབ་གྲོགས་དང་མཛའ་གཅུགས་གྲོགས་པོ་ཟེར་བ་རེད་ཅེས་ཚང་མས་ཐལ་མོ་རྡེབ་སྒྲས་ལྷོད་ཅིང་བབ་ཆགས་པའི་བཞི་སུམ་ཅུའི་འཛིན་གྲྭའི་སློབ་ཁང་ཡོངས་འུར་ཆིལ་ལེར་བཏང་།
དེ་ལྟར་བཟང་མོའི་རང་བཞིན་དྲང་ཞིང་ངང་རྒྱུད་འཇམ་པའི་བརྩེ་བ་དང་གཤིས་རྒྱུད་ནི་ཨ་མ་ཚོའི་བྱམས་པའི་ལྷག་བསམ་དང་འབྲལ་ཐབས་མེད་པས། བཟང་མོའི་ཨ་མ་ལྷག་བསམ་བཟང་མོ་ཡང་སྐད་ཡིག་དགེ་རྒན་བཟང་བོ་ཞིག་ཡིན་སྟབས། བཟང་མོ་དང་སངས་དོན་གཉིས་ཀྱིས་ཀྱང་ཡིད་རྟོན་མ་བྲལ་བའི་ངང་སློབ་སྦྱོང་ཉིན་རེ་ནས་ཉིན་རེར། བློ་ཐག་རྦད་ཆོད་ཀྱིས་ཧུར་བརྩོན་བགྱིས་པས་སྦྱངས་འབྲས་ཀྱང་ཚད་ལྡན་གྱིས་གོང་འཕེལ་ཡིན་ལ། མུ་ནས་མཉམ་འགྲོ་མཉམ་འདུག་དང་། མཉམ་བཟའ་མཉམ་འཐུང་བྱེད་བཞིན། འཚོ་བའི་མདུན་ལྗོངས་ལ་རེ་ཞིང་སྙེག་པའི་ཕུགས་འདུན་གཏད་དེ། མ་འོངས་པའི་བཟང་མོ་ནི་ཨ་མ་ལྷག་བསམ་བཟང་མོ་ཞིག་ཏུ་འགྱུར་ངེས་ལ། ཨ་མ་ལྷག་བསམ་བཟང་མོ་ལྟ་བུའི་བྱམས་པ་དང་བརྩེ་བས་གཏམས་པའི་ལྷག་བསམ་ནི། འཇིག་རྟེན་གྱི་ཨ་མ་ཡིན་ལ་དབྱངས་གསལ་སློབ་གྲྭའི་བཞི་སུམ་ཅུ་འཛིན་གྲྭའི་ཤེས་རབ་ཀྱི་ས་བོན་ངོ་མ་དེ་ཡང་འདི་ཡིན་པར་འགྱུར་ངེས།
༼ ༥ ༽
བཞི་སུམ་ཅུ་འཛིན་གྲྭའི་ལོ་མཇུག་སྤྱི་བསྡོམས་ཁྲོད་བཟང་མོ་ནི་དབྱངས་གསལ་སློབ་གྲྭའི་ཨང་གཉིས་པ་དང་བསམ་ཡུལ་ལས་འདས་པ་ཞིག་ལ་སངས་དོན་ཡང་ལོ་མཇུག་སྤྱི་བསྡོམས་ཁྲོད་ཀྱི་ཨང་ལྔ་བར་ཟིན་འདུག། དེར་བརྟེན་སློབ་བུ་ཁོ་གཉིས་ཀྱིས་དབྱངས་གསལ་སློབ་གྲྭའི་ཨ་མ་ཚོའི་ཡང་དག་པའི་སློབ་གསོའི་མཛད་འཕྲིན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག་ཅེས་མཉམ་དུ་བཏོན་ཚེ་བཞི་སུམ་ཅུ་འཛིན་གྲྭའི་དགེ་སློབ་ཡོངས་ཀྱིས་ཁྱེད་གཉིས་བཀའ་དྲིན་ཆེ། དགེ་སློབ་ཡོངས་ལ་མིག་དཔེ་ཡག་པོ་བསྟན་སོང་ཞེས་ཁོ་གཉིས་ལ་སྤྲོ་སེམས་ཁོལ་བས་དགའ་བསུ་ཞུ་བཞིན་ཡོད་ལ། ཕུ་རྡོ་དང་ཚེ་རྡོ་སོགས་ཀྱིས་ཀྱང་རང་རང་ས་ནས་དགོད་འཛུམ་གྱིས་ཧད་དེ་ཅེར་འདུག་སྟབས། བཞི་སུམ་ཅུ་འཛིན་གྲྭའི་སློབ་ཁང་ནི་ལྷིང་ཞིང་འཇགས་པའི་མཛེས་ལྗོངས་ཀྱི་དབེན་གནས་ཉམས་དགའ་བ་ཞིག་ཏུ་བསྒྱུར་འགོ་བརྩམས།
དེ་བཞིན་དགེ་སློབ་ཡོངས་ཡར་བཞེངས་ཏེ“མ་ཡུམ་དབྱངས་གསལ་སློབ་གྲྭ་ཁྲི་ལོར་ཤོག། བཞི་སུམ་ཅུ་འཛིན་གྲྭའི་སློབ་གསོ་རྒྱལ་གྱུར་ཅིག་ཅེས་ཁ་བ་གངས་རིའི་ལྗོངས་ཀྱི་ཡུལ་ལུང་ཐམས་ཅད་གཙོས། ཕྱོགས་བཞིའི་རྒྱལ་ཁབ་ཀུན་པོ་བདེ་སྐྱིད་ལྡན་ཞིང་། མི་རིགས་ཡོངས་ལ་མི་མཐུན་གནོད་པའི་མིང་ཙམ་མེད་པར། འགལ་རྐྱེན་མཐའ་དག་ཀུན་ནས་ཞི་ཞིང་འཇིག་རྟེན་ཐམས་ཅད་བཀྲ་ཤིས་པའི་དགེ་མཚན་གྱིས་ཁྱབ་ཅིང་ནམ་ཡང་ཤེས་རིག་གི་སྒྲོན་མེ་ཕྱོགས་བཅུར་འབར་བའི་རྒྱུར་གྱུར་ཅིག་གུ། ཛ་ཡནྟུ།
རྩོམ་གསར། 10