སྣང་བའི་མགུར་མ།

དབྱངས་ལྡེའུ།        2024-05-09

            ཉི་མའི་ཁུ་ཐིགས་འཕོས་པའི་རྒོངས་དྲོའི་མཚམས་སྤྲིན། །

དུངས་ཞེན་མིག་ཁྲའི་ཀེམ་ཀེམ་གཡོ་ཚུལ་མཛེས་པ། །

ལན་ཆགས་ན་བུན་འཁྲིགས་པའི་མི་ཚེ་རིང་མོར། །

ཚོར་སྣང་མགུར་མར་དྲངས་པ་ལས་སྐལ་ཡིན་འདྲ། །

དབྱངས་གསལ་ལྷུ་ལག་སྒྲིག་སའི་རི་སྡེ་ཁྲ་མོར། །

ཞེ་མཐུན་འོ་མདངས་མཛེས་པའི་གཞོན་པའི་དཔུང་ཚོགས། །

ཚོར་བ་དབྱངས་ལ་བསྟིམས་པའི་ལས་ཀྱི་གྲོགས་ཏེ། །

མཛའ་མཐུན་པད་རྫིང་གཅིག་ཏུ་དུས་གཏན་འཛོམས་ཤིག །

ཀུན་རྟོག་རྡུལ་གྱིས་བཞེངས་པའི་ལྡེབས་རིས་ངོས་སུ། །

ཚོར་བའི་གར་མའི་འཛུམ་ཆུང་པིར་གྱིས་བྲིས་པས། །

སེམས་གཞས་དབྱངས་སུ་གྱེར་རོགས་ནགས་ཀྱི་ཁུ་ལོ། །

མ་བསྙེལ་དབྱིངས་ཀྱི་བསྟད་དུ་རིངས་པར་བྱོན་དང་། །

མཐའ་མེད་ལས་ཀྱི་ལམ་བུར་ཞབས་རྗེས་བཏབ་ཅིང་། །

སྣང་བའི་འཇིག་རྟེན་མཛེས་པ་ཡིག་རིས་འཁྱུག་ནས། །

དོན་སྟོང་མིང་ཚིག་གསང་མདུད་མགུལ་དུ་བསྒྲོན་ཏེ། །

ཚེ་ཡི་གར་སྟེགས་དབུས་སུ་ལོ་ན་སོན་དགོས། །

ཞེན་ཆགས་ཆུ་འཛིན་འདུ་བའི་བརྩེ་ཟབ་ཕ་ས། །

རྣམ་ཤེས་སྦྲང་མ་ཁྲ་བོ་འཁོར་བའི་འཁོར་ཁྱིམ། །

ཚིག་གི་དཔལ་བེའུ་རེའུ་མིག་བརྐོས་པའི་གསེབ་ནས། །

ཡིད་འཁྲེང་མིག་ཟུང་ཀེམ་པ་ལན་ཆགས་ལྷག་མ། །

མེ་ཏོག་མུ་ཁྱུད་མཛེས་པའི་རྫིང་བུའི་ངོགས་སུ། །

ཚེས་ཆེན་ཟླ་བའི་འོད་རིས་དཀར་ཞིང་གཙང་ནོར། །

སེམས་ཀྱི་གཏིང་རུམ་དབུས་ཀྱི་མ་སྐྱེས་དྲིན་ཆེན། །

བཅོས་མིན་འཛུམ་དཀར་ཞལ་ཁྱིམ་འདྲ་བས་ཡིན་འདུག །

ཆང་དཀར་མཚོ་མོ་འཁྱིལ་དབུས་ཟླ་བ་འཁྲུངས་དུས། །

རྣམ་རྟོག་འཆར་སྣང་སྒོ་འཕར་ཚོར་རླུང་ཕྱེས་པས། །

དབྱངས་གསལ་དུར་ཁྲོད་ཡངས་པོར་སྙན་ངག་པ་ཡི། །

རྣམ་ཤེས་ཚོར་བའི་གར་གླུ་ཅི་དགར་རོལ་སོང་། །

  • ལེ་ཚན་སྔོན་མ།:འཆར་སྣང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།