འབྲོག་མོ།

སད་སྐལ།        2024-05-09

           མི་ཚེའི་གཞིས་ཀ་ན་འཁྱིལ་བའི་ལྟེངས་ཀ་དེ་ཡིན།

ཤག་ཤག་ཏུ་འབབ་པའི་རྫ་ཆུ་དེ་ཡིན།

བསིལ་ཞིང་འཇམ་པའི་དྲི་བཞོན་ཡང་མོ་དེ་ཡིན།

ཤིན་ཏུ་དྭངས་གཙང་ཅན་དེ་ཡིན།

བཞིན་མདངས་ཟླ་བ་དང་བློ་སེམས་ཁ་བ་ཡིན།

སྨེང་ཤུར་ཤུར་གྱི་སྡུག་གཏམ་སྟོར་བའི་འཁོར་

བའི་མཐོ་ས་ན་ཡོད།

སྐྱོ་ལྷང་ལྷང་གི་སྨུག་པ་སངས་པའི་རི་ལུང་གི་སྟོད་

ན་ཡོད།

སེམས་དྭངས་བྱེད་ཀྱི་ལ་གླུའི་འགྱུར་ཁུགས་ན་ཡོད།

སྙན་གསོ་བྱེད་ཀྱི་འཇོལ་མོའི་དབྱངས་ཁྲོད་ན་ཡོད།

གཡུ་མདོག་ནེའུ་གསིང་གི་འབོལ་གདན་ཐོག་ཏུ་ཡོད།

ནོར་གནག་དང་ལུག་ཁྱུའི་རྗེས་ན་ཡོད།

རང་བྱུང་ཁམས་ཀྱི་མཛེས་སྡུག་དང་ལྷན་དུ་

བཞད་པའི་མེ་ཏོག་པདྨ་དེ་ཡིན།

ཁྱོད་ཀྱི་ཡིད་ལ་བརླན་པ་ནི།

དཀར་པོ་འོ་མས་གསོས་པའི་བརྩེ་བྱམས་ལྷད་མེད་

དེ་ཡིན།

ཁྱོད་ཀྱི་ངག་ལ་འཁྱིལ་བ་ནི།

ཚང་ཚིང་ནགས་ཀློང་ནས་གྲག་པའི་འཇོལ་

མོའི་དབྱངས་ཡིན།

ཁྱོད་ཀྱི་ལུས་ལ་གྱོན་པ་ནི།

མཚལ་དཀར་དྲོད་འཇམ་ཅན་གྱི་བོད་ལྭ་དག་མ་

དེ་ཡིན།

ཁྱོད་ཀྱི་ཕྱི་ནང་ཀུན་ཏུ།

རིགས་ཀྱི་ཁ་དོག་མཛེས་པའི་གངས་རི་ཡོད།

ལྷད་མེད་དྭངས་གཙང་གིས་བཞུར་བའི་གངས་

ཆུ་ཡོད།

ཡིན་ནའང་། ཁྱོད་ཀྱི་མཛེས་པ་མཐོང་མཁན་ནི།

ཡལ་ཟིན་པའི་དབྱར་ཁ་ལྟ་བུའི།

བཞུད་ཟིན་པའི་རིགས་ཞེན་གྱི་ཞག་རྩི་མ་བོར་

བའི་མི་བུ་ཁ་ཤས་ལས་མེད།

ད་ལྟ། ཁྱོད་ཀྱི་བསུང་ཞིམ་གྱི་རླུང་བུ་གང་དུ་

ཡོད་དམ།

ཁྱོད་ཀྱི་རང་ཚུགས་ཀྱིས་མཛེས་པའི་གངས་རི་དེ་

གང་དུ་ཡོད་དམ།

ཁོར་ཡུག་གི་མི་འདི་དག་དང་འདྲ་བར།

བདག་ཅག་གི་མིག་ལིང་ཐོག་གིས་སྒྲིབ་པ་ཡིན་ནམ།

ཁྱོད་ཀྱི་མཛེས་པ་མཐོང་མ་སོང་ཨང་།

སྐྱོ་སྐྱོའི་ལོ་ཟླ་འདི་ཅི་འདྲའི་འཁྱག་པ་ལ།

ང་ཡི་སེམས་ཀྱི་འབྲོག་མོ།

ཁྱོད་ནི་དབྱར་ཁ་དང་མཚུངས་པར།

ངས་སྟོན་གཞུག་འདི་ནས་ཇི་ཙམ་བཙལ་ཀྱང།

ངས་ཁྱོད་དང་ཁྱོད་ཀྱི་མཛེས་པ་རྙེད་ཐབས་

མི་འདུག་ཨང་།

  • ལེ་ཚན་སྔོན་མ།:སེམས་ཀྱི་ཕ་ཡུལ།
  • ལེ་ཚན་རྗེས་མ།:མཛེས་སྡུག་གི་བུ་མོ་ཞིག་ལ།