ཚ་རུ་ཅན་གྱི་སྤྱང་ཀི།

མ་ལོ།        2024-04-22

          འགྲོ་བཞིན་འགྲོ་བཞིན་འཇིག་རྟེན་འདིའི་ཁ་

དོག་ལ་ཡིད་མི་ཆེས་པར་གྱུར།

བསམ་གྱིན་བསམ་གྱིན་འཇིག་རྟེན་འདིའི་

ངོ་བོ་རྟོགས་དཀའ་བར་སྣང་།

མ་གཞི་ཟླུམ་པོའི་འཇིག་རྟེན་དུ།

ཚང་མ་སྒོ་ལྔ་ཕྱི་རུ་བསྐོར་ནས་འཚོ་སྡོད་བྱེད་པའི་

སྲོག་ཆགས་སུ་རློམ་མོད།

ད་ནི་ཤར་ཉི་མའི་ལན་ཡིན་ནམ།

ལྷོ་བྲག་ཕུག་གི་རྐྱེན་ཡིན།

གང་ལྟར།ཡིད་ཆེས་ཆོག་ཆོག་གི་མི་བུ་མང་པོ་ཞིག།

མདོག་གྱུར་ནས་ངོ་མི་ཤེས་པར་གྱུར།

སྤུ་བརྗེས་ནས་ཚུགས་ཀ་གཏིང་ནས་ལོག།

ཕལ་ཆེར་བརྙན་འཕྲིན་ནང་ནས་རྒྱུན་དུ་

མཐོང་སྲིད་པའི་རྩངས་པ་མདོག་འགྱུར་དང་འདྲ།

ཡང་ན།

གྱང་ཁའི་རྩྭ་ཟེར་བའི་རླུང་གི་འགྲོ་ཕྱོགས་དང་

རྒྱུག་བཞིན་པའི་ངོ་བོ་དེ་དང་མཚུངས།

མདོར་ན།

ངའི་སེམས་ནང་གི་དབྱར་གཞུང་ནི་དགུན་

གྱི་བ་མོས་བཅོམ་ནས་ཤུལ་ཀྱང་ལུས་མ་སོང་།

གནའ་སྔ་མོ།

སྤྱང་ཀི་ནི་སྤྱང་ཀི་ཡིན་པས་བྲོས་ནས་འགྲོ་འམ།

འཇབ་ནས་ནུད་དགོས་པ་ཀུན་ལ་གསལ།

ལུ་གུ་ནི་ལུ་གུ་ཡིན་པས།

ཕ་མ་དང་ཁྱིམ་མི་ཚོའི་རུམ་ནས་ཉལ་ཞིང་

བདག་གི་རྩེད་གྲོགས་ཁེར་མ་ཡང་ཡིན།

དུས་དེང་སང་།

ངའི་རྩྭ་སར་འཚོ་བཞིན་པའི་ལུ་གུའམ།

བདག་གི་འཚོ་བའི་རྟེན་ནམ་མགོན་དུ་

གྱུར་པའི་གཡང་མོ་ལུག་གིས་།

མཆེ་བ་རྣོན་པོ་ཟུང་གཅིག་ཕྱི་རུ་ཕུད་ནས་

ཤ་དང་ཁྲག་གི་ཚོགས་ལ་

ངོམ་མེད་དུ་ལོངས་སུ་སྤྱོད་ཀྱིན་འདུག།


  • ལེ་ཚན་སྔོན་མ།:ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མར་ཕུལ་བའི་ཆབ་ཤོག་དད་པའི་ཁྲུས་རྫིང་།
  • ལེ་ཚན་རྗེས་མ།:མགུར་མའི་རང་སྒྲ།