ང་ཡི་གཡུ་ཐོག་ཟམ་པ།

ཚྭ་རྡེའུ།        2024-04-11

ཞོལ་དང་སྣང་རྩེའི་བར་ལ། །

གཡུ་ཐོག་ཟམ་པའི་སྒང་ལ། །

འགྲུལ་པ་ཕོ་གཞོན་མོ་གཞོན། །

ལམ་པ་སང་འགྲོ་གནངས་འགྲོ། །


ཟམ་སྟེགས་རྡོ་ལ་ཤན་པའི། །

གཡུ་རྩིའི་རྒྱ་ཕིབས་འོག་ན། །

མི་དཔོན་ཨེར་ཁ་སིང་སིང་། །

མི་གཡོག་རྡོག་པ་སིམ་སིམ། །


ལམ་སྣེ་རྙེད་ས་མ་རེད། །

ཆང་ཁང་ཤོམ་ར་རང་འགྲིག།

ཟམ་སྣེར་ཐོན་ས་མ་རེད། །

ཆང་མ་ཡེ་ཤེས་གསལ་སྒྲོན། །


ཕ་ཡུལ་ཁ་ཐག་རིང་བས། །

འགྲོ་དགོས་ལས་ལ་ཐུག་བྱུང་། །

རྟ་ཁ་གཡོན་སར་འཐེན་པས། །

གཡུ་ཐོག་སྒང་ལ་ཤོར་སོང་། །


ཟམ་མིག་ཤོད་ལ་སྐྱེས་པའི། །

ཚེ་རིང་ལྕང་མའི་མཉེན་ཤ །

བུ་མོའི་ཚིག་ལ་བབས་འདུག །

བུ་མོའི་གཤིས་ལ་རྫོགས་འདུག །


ཆུང་འདྲིས་ཤྭ་བ་སྨུག་ཆུང་། །

ཀླུ་སྒུག་གཞུང་ལ་འཁོར་ན། །

གཡུ་ཐོག་ཟམ་མཐའ་སྲུང་པའི། །

རྔོན་པར་སྐྱེས་ཀྱང་ཆོག་ག །


ར་སའི་ཞོལ་ལ་འཁོར་བའི། །

བྱ་ཞིག་ཡིན་ན་བསམས་བྱུང་། །

གཡུ་ཐོག་ཟམ་ཆུང་འོག་གི །

ཉ་ཞིག་ཡིན་ན་བསམས་བྱུང་། །


ཁ་འབྲས་མཚར་བའི་ཨོ་ལོ། །

ཁ་ཐག་རིང་བའི་གསལ་སྒྲོན། །

ཆུ་དང་ཟམ་པའི་ལས་ལ། །

མཉམ་དུ་སྡོད་དབང་མ་བྱུང་། །


ལས་སྣང་ཡོད་ཡོད་འདྲ་ལེ། །

འུ་གཉིས་སྐྱེས་ས་སོ་སོ། །

ལས་འཕྲོ་མེད་མེད་འདྲ་ལེ། །

འུ་གཉིས་རྒས་ས་སོ་སོ། །


  • ལེ་ཚན་སྔོན་མ།:སྨྲེང་བ་མོད་པའི་ལོ་ཟླ།
  • ལེ་ཚན་རྗེས་མ།:སྒྲ་རྒྱན་དབྱངས་ཅན་འཛུམ་རིས།