ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།

སྐལ་ཐུབ་ཀྱིས་བསྒྱུར།        2024-04-15

སྤྱི་ཟླ4པའི་ཚེས7ཉིན་ལ་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གསར་ཤོས་ཀྱི་མཛུབ་སྟོན་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་རང་ཁུལ་གྱི་ལག་ལེན་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་ཀྱང་གནང་།

ཚོགས་འདུར་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་མཛུབ་སྟོན་གལ་ཆེན་གནང་ནས་ཀྲུང་གོའི་ཤིང་འཛུགས་ནགས་བཟོའི་གྲུབ་འབྲས་ཁྱད་དུ་འཕགས་པ་བཀོད་པ་དང་ལྗང་གསབ་ཤིང་འཛུགས་ཀྱི་དོན་སྙིང་གལ་ཆེན་གསལ་འགྲེལ་གནང་བ་དང་མེས་རྒྱལ་སྔོ་ལྗང་ཅན་དུ་བསྒྱུར་བའི་ཐབས་ལམ་གསལ་སྟོན་གནང་ཡོད། དཀར་མཛེས་ཁུལ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་དང་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ"རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི"འདུ་ཤེས་བརྟན་པོར་བཅང་བ་དང་། སྔོ་ལྗང་རྒྱ་སྐྱེད་དང་དར་སྤེལ། སྲུང་སྐྱོང་བཅས་མཉམ་དུ་འཛིན་པའི"བླང་བྱ་གལ་ཆེན་ཁོང་དུ་ཆུད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་ཁ་མེད་པའི་ཆབ་སྲིད་འགན་འཁྲི་ནན་པོར་འཁུར་ཅིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་གསར་འཛུགས་མགྱོགས་པ་བྱས་ཏེ། ཀྲུང་གོ་མཛེས་སྡུག་ལྡན་པ་སྐྲུན་པར་དཀར་མཛེས་ཁུལ་གྱི་བྱས་རྗེས་གཞག་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ས་ལྗང་བསྒྱུར་ལ་སྐུལ་བ་དང་ནགས་བཟོ་ལྗང་བསྒྱུར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཅིང་། ཁུལ་ཡོངས་ཀྱི་ལས་རིགས་ཁག་བསྡུས་ནས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་དང་། ཡུལ་བབ་དང་བསྟུན་ཅིང་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་སྡོང་རྐང་གཅིག་བཙུགས་ན་གཅིག་སོས་ཐུབ་པ་དང་ཡུག་གཅིག་ཏུ་བཙུགས་ན་ཡུག་གཅིག་ཏུ་ཆགས་ཐུབ་པའི་འགན་ལེན་བྱ་དགོས། སྤུས་ཚད་དང་ཕན་འབྲས་ལ་དོ་སྣང་བྱེད་ཅིང་ནགས་ཚལ་གྱི"ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། སོལ་མཛོད"བཅས་མཉམ་སྤེལ་སྔར་ལས་ལེགས་པོ་ཡོང་བར་བསྐུལ་ཏེ། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་བྱ་དགོས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་བར་ཤུགས་རྒྱག་ཅིང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་རྒྱུད་རིམ་ལྡན་པས་བཅོས་སྐྱོང་རྒྱུན་འཁྱོངས་པ། དོ་དམ་སྲུང་སྐྱོང་དང་བདག་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམངས་ཡོངས་ཀྱིས་ལྗང་མདོག་ཕོ་ཉ་བྱེད་གང་ཐུབ་དང་གནམ་སྔོན་མོ་དང་ཆུ་དྭངས་མ་སྲུང་བའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་སྐྲུན་པའི་ལྗང་མདོག་རྩ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏང་དགོས།

ཚོགས་འདུར་བསྟན་དོན། ཀྲུང་དབྱང་ཏང་ལེགས་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམས་ཏེ་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་ཀྲུང་དབྱང་ཏང་ལེགས་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་དང《བརྡ་ཐོའི》བླང་བྱ་དོན་ལ་ནན་དུ་འཁྱོལ་བ། ཞིང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མཐར་ཕྱིན་ཅིང་དོན་ལ་གནས་པར་བསྐུལ་ནས་ཏང་གི་སྒྲིག་ཁྲིམས་སེམས་སུ་འཇགས་དགོས། རྒྱུན་ལྡན་ལྟ་སྐུལ་དང་ཆབ་སྲིད་སྐོར་ཞིབ་ཀྱི་ཁྱབ་ཁོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གནས་ཚུལ་བཞག་ཅིང། ཏང་གི་སྒྲིག་ཁྲིམས་དམ་ཞིང་ནན་ལ་དོན་ལ་འབྱོར་བ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་དགོས། རྒྱུན་གཏན་སློབ་གསོ་དང་གཅིག་བསྡུས་སློབ་གསོ་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་ཤིང་། བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་ལེན་བསྟར་བ་གཙོ་གནད་དུ་བྱས་ནས་ཏང་མི་ལས་བྱེད་པ་རྒྱ་ཆེན་ལ་སྒྲིག་ཁྲིམས་སྦྱོང་ཤེས་གཅུན་སྲུང་བྱེད་དུ་འཇུག་པ་དང་། སྒྲིག་སྲོལ་བརྩི་སྲུང་དེ་ནང་སེམས་ལ་ངེས་ཤིང་ཕྱིར་གཏམ་སྤྱོད་ཀྱི་ཚད་གཞིར་བསྒྱུར་ཏེ། ནམ་ཡང་བློ་དཀར་དང་སྤྱོད་གཙང་།འགན་འཁུར་ཕོད་པ་བྱ་དགོས། 

ཚོགས་འདུར་ནན་པོར་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཅིང་། འཕེལ་རྒྱས་སྤུས་ཚད་མཐོན་པོའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་སྨིན་པ་དང་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་བསྟུན་ཅིང་། ཚན་རྩལ་གསར་གཏོད་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་ཤིང་། གྲོང་ཡུལ་མཉམ་འདྲེས་ལ་སྐུལ་བ། འཕེལ་རྒྱས་གཏོང་སྟངས་འབྱུང་འཕྲོད་ཕྱོགས་སུ་མགྱོགས་པོར་བསྒྱུར་བ་སོགས་ཀྱི་ལས་དོན་ལ་དམིགས་ཤིང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་ཞིང་། ལས་དོན་ཆེན་མོ་གསུམ་ཡག་པོ་བསྒྲུབས་ཏེ། མ་འཇོག་དང་འཛད་སྤྱོད་ལ་སྐུལ་སྤེལ་ཤུགས་ཆེན་ཐེབས་པ་དང་དཔལ་འབྱོར་སླར་འཕར་བཟང་ཕྱོགས་སུ་འཕེལ་བ་མུ་མཐུད་དེ་སྲ་བརྟན་གཏང་དགོས། འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་ རྒྱག་པ་དང་། ལས་ཀའི་བསམ་ཕྱོགས་དང་བྱ་ཐབས་གསར་དུ་གཏོད་ཅིང་། གཙོ་གནད་ཁྱབ་ཁོངས་དང་གནད་ཐུག་སའི་བཅོས་བསྒྱུར་ཟབ་ཏུ་སྤེལ་བ་དང་། ཉེན་ཁ་དང་རྐྱེན་ངན་མི་མངོན་པ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ཏན་ཏིག་བྱེད་པ། སྔར་ལྷག་གིས་བསགས་འབོར་གང་འགབ་ཅི་སྤྱོད་དང་འཕར་ཚད་སྐྱེད་སྲིང་། སྤུས་ཚད་མཐོར་འདེགས་ཏེ། དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོ་ཡོང་བར་ཤུགས་ཡོད་རྒུས་བསྐུལ་དགོས། 

ཚོགས་འདུར《དཀར་མཛེས་ཁུལ་གྱིས་ཁྲོམ་རའི་གསོན་ཤུགས་སྔར་བས་བསླངས་ཏེ་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་སྐུལ་བའི་སྲིད་ཇུས་དང་བྱ་ཐབས་ཁག16》དང《2024ལོར་དཀར་མཛེས་ཁུལ་གྱི་ལས་གཞི་གཙོ་བོའི་ལས་དོན་ལ་སྐུལ་ བའི་ཇུས་གཞི》སོགས་ཡིག་ཆར་གྲོས་ཞིབ་བྱས་པ་རེད།

ཚོགས་འདུར་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད། 


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་་རྟོག་ཞིབ་ལྟ་སྐུལ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།