རྒྱ་བོད་ལོ་ཙཱ་ཁྲོད་དོ་སྣང་བྱེད་དགོས་པའི་རྩ་དོན་འགའ་གླེང་བ།

བདེ་ཆེན་དབང་མོས་བྲིས།        2024-03-26

     དུས་རབས་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས། མི་རིགས་སོ་སོས་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་དུ་རང་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་སྐད་དང་ཡི་གེ་གསར་བཟོ་བྱས་པ་དང་། མི་རིགས་ཁག་གི་སྐད་ཡིག་ལ་དམིགས་བསལ་དུ་ཡོད་པའི་རང་ཚུགས་རང་བཞིན་ཡོད་ལ་དེའི་མཉམ་འདུས་རང་བཞིན་དང་མཉམ་བསྲེས་རང་བཞིན་ཡང་ཡོད། རིགས་དབྱེའི་སྐད་ཡིག་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་ཐུབ་པ་བྱ་རྒྱུ་དེ་ཡིག་སྒྱུར་གྱི་འབྲེལ་ཟམ་གལ་ཆེན་དང་ཁ་འབྲལ་ཐབས་མེད། ང་ཚོས་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་སྐབས་ཡིག་སྒྱུར་གྱི་རྩ་དོན་གསུམ་ལ་དོ་སྣང་བྱེད་དགོས་པ་མ་ཟད། སྐད་ཡིག་གི་ཁོར་ཡུག་ཞིབ་ཕྲར་དམིགས་ནས་བབ་མཚུངས་ཀྱི་ཞིབ་ཕྲའི་གནས་ཚུལ་ཐག་གཅོད་བྱེད་དགོས། དེས་ན་ཞིབ་ཕྲའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་བསྒྱུར་ཡིག་ཡག་པོ་ཞིག་མི་ཉམས་པར་བྱས་ཏེ“མ་ཡིག་གི་བརྗོད་དོན་གཙིགས་བཟུང་དང་ཚིག་སྦྱོར་བདེ་ཞིང་གོ་སླ་བ། མ་ཡིག་གི་བརྗོད་གཞི་ཁྱད་ཆོས་འཕྱུགས་པ་མེད་པ”བཅས་ཀྱི་བླང་བྱ་ལྟར་ཡིན་ཞེ་ན། གཤམ་ལ་གནད་དོན་འདི་ཕྱོགས་ལྔའི་ཐད་ནས་གསལ་བཤད་མདོར་བསྡུས་བྱ་རྒྱུ་ཡིན། 

    གཅིག  མ་ཡིག་གི་བརྗོད་དོན་གཙིགས་བཟུང་དང་ཚིག་སྣོན་ཚིག་ཉུང་གཏོང་དགོས། 

    མ་ཡིག་གི་བརྗོད་དོན་གཙིགས་བཟུང་ནི་ཡིག་སྒྱུར་ལས་དོན་པས་དོ་སྣང་བྱེད་དགོས་པའི་རྩ་དོན་ཨང་དང་པོ་དེ་ཡིན་པ་དང་། ཚིག་སྣོན་མཁས་པ་ཞེས་པ་ནི་ཡིག་སྒྱུར་ལས་དོན་པ་ཚང་མར་ངེས་པར་དུ་ཚང་དགོས་པའི་གཞི་རྩའི་བྱང་ཚད་ཅིག་རེད། ཡིག་བསྒྱུར་ནི་ཡི་གེ་གཞན་ཞིག་གིས་མཚོན་པར་བྱེད་པའི་སྐད་ཡིག་གི་བྱ་འགུལ་ཞིག་ཡིན་ལ། སྐད་ཆ་བཤད་པའི་གོ་རིམ་ཁྲོད་གསལ་བཤད་བྱས་པ་གསལ་བོ་ཡིན་མིན་དང་ཡང་དག་ཡིན་མིན་དང་འབྲེལ་བ་ཡོད། སྐད་ཡིག་རེ་རེ་ལ་ཐུན་མོང་མ་ཡིན་པའི་སྐད་བརྡའི་ཁོར་ཡུག་ཡོད། ཡིག་བསྒྱུར་བྱེད་པའི་གོ་རིམ་ཁྲོད་དུ་གལ་ཏེ་སྐད་ཡིག་གཉིས་ཀྱི་ཐ་སྙད་མ་ཤེས་ན། ཡིག་བསྒྱུར་གྱིས་མ་ཡིག་གི་བསམ་བློའི་ནང་དོན་གསལ་བོར་བརྗོད་དཀའ་བ་རེད།

    གཉིས། མ་ཡིག་གི་བརྗོད་དོན་གཙིགས་བཟུང་དང་མ་ཡིག་བསྒྱུར་བཅོས་བྱེད་དགོས།

    ཐོན་མི་སམ་བྷོ་ཊ་བོད་ཡིག་གི་ཡི་གེ་གསར་བཟོ་བྱས་པ་ནས་བཟུང་། བོད་ཀྱི་རིག་གནས་ཀྱིས་གནའ་བོའི་རྒྱ་གར་དང་ཀྲུང་ཡོན་རིག་གནས་འབོར་ཆེན་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རིག་གནས་མཉམ་འདྲེས་ཆེན་པོ་བྱས་པ་དང་། བོད་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་རིག་གཞུང་སྒྲ་རིག་པ། ཚད་མ་རིག་པ། བཟོ་རྩལ་རིག་པ། གསོ་རིག་དང་སྨན་རྫས་རིག་པ། མཚན་ཉིད་རིག་པ། ཚིག་སྦྱོར་རིག་པ། སྡེབ་སྦྱོར་རིག་པ། གནམ་རིག་སྐར་རྩིས་རིག་པ། རིག་རྩལ་ཟློས་གར་རིག་པ་སོགས་ཀྱི་རིག་པས་རྨང་གཞིའི་རིགས་པའི་གཞུང་ལུགས་ལ་བཞག་པའི་གཏིང་ཟབ་པའི་བོད་རིག་པའི་རིག་པའང་ཆགས་ཡོད། སྐད་ཡིག་གང་ཞིག་ཡིན་རུང་ཚང་མ་བསྡུ་ལེན་དང་མཉམ་འདྲེས་བྱེད་པ་དང་། ཡང་བསྐྱར་བསྡུ་ལེན་དང་ཡང་བསྐྱར་མཉམ་འདྲེས་ཀྱི་འཕེལ་རྒྱས་བརྒྱུད་རིམ་བརྒྱུད་དགོས་པས། བརྒྱུད་རིམ་དེའི་ཁྲོད་དུ་ཡིག་བསྒྱུར་གྱིས་རིག་གནས་རྒྱུན་འཛིན་གྱི་ནུས་པ་ཐོན་ཡོད་པ་ནི་ཐེ་ཚོམ་སྤུ་ཙམ་ཡང་མེད་པ་ཞིག་རེད།

     གསུམ། བརྗོད་ཚིག་མཐུན་ཞིང་དུས་དང་རྣམ་པའི་འགྱུར་ལྡོག

     རྒྱ་སྐད་དང་བོད་སྐད་ཀྱི་བརྡ་སྤྲོད་གྲུབ་ཚུལ་ཐད་ཀྱི་ཁྱད་པར་ཆེ་ཤོས་ནི་བྱ་ཚིག་གང་ལ་གང་འཚམ་གྱིས་སྤྱོད་རྒྱུ་དང་གནད་ལ་འཁེལ་བའི་གདམ་ག་བྱ་རྒྱུ་དེ་རེད། དཔེར་ན། རྒྱའི་སྐད་ཡིག་ཁྲོད་ཀྱི་“完成、结束、达到、实现”ལེགས་གྲུབ་དང་མཇུག་སྒྲིལ། སླེབས་པ། མངོན་འགྱུར”སོགས་ཀྱི་བྱ་ཚིག་བྱེ་བྲག་གི་སྐད་ནང་དུ་ “将、要、了བྱ་རྒྱུའམ་སྒྲུབ་རྒྱུར་ལ་སོགས་པ་བསྒྱུར་ནས་དོན་མ་འོངས་པ་རང་ཤུགས་སུ་བསྟོན་ཐུབ་པ་ ”སོགས་ཀྱི་རམ་འདེགས་ཚིག་བསྣན་ན་རྩོམ་ཡིག་གི་བསམ་བློའི་ནང་དོན་གསལ་པོར་མཚོན་ཐུབ་ཅིང་། བོད་སྐད་དུ་དུས་མཉམ་མིན་པའི་བྱ་ཚིག་མི་འདྲ་བ་ཉེར་སྤྱོད་བྱེད་པ་དང་། བྱེ་བྲག་གི་ཡིག་སྒྱུར་གོ་རིམ་ཁྲོད་དུ་མཉམ་སྤྱོད་བྱེད་མི་ཆོག  དེ་ལྟར་མ་བྱས་ན་བསྒྱུར་ཡིག་དང་མ་ཡིག་བར་གྱི་ནང་དོན་མཉམ་དུ་བསྲེས་སུ་འཇུག་སྲིད། དེའི་ཕྱིར། བསྒྱུར་ཡིག་གཅིག་གོ་སླ་བ་མ་ཟད། གསོན་ཉམས་ལྡན་པའང་མི་ཉུང་བ་ཞིག་ཡོད་པ་དེ་ནི་ནང་དོན་ཆ་ཚང་ཡང་དག་པར་སྤྱོད་པའི་དུས་ཀྱི་བྱ་ཚིག་དང་འབྲལ་ཐབས་མེད་པ་ཞིག་རེད།

     བཞི། ཐ་སྙད་གསར་པ་ཡིག་བསྒྱུར་བྱེད་ཐབས་འགའ།

     མིའི་རིགས་ཀྱི་སྐད་བརྡའི་རིག་གནས་ལོ་རྒྱུས་ཀྱི་འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་མོ་ལ་བལྟས་ན། དེ་ནི་མི་རིགས་ཀྱི་སྐད་བརྡ་མཉམ་འདྲེས་ཆེ་བའི་ལེ་ཚན་ཞིག་ཡིན་པ་དང་། མིའི་རིགས་ཀྱིས་མུ་མཐུད་དུ་ཡར་རྒྱས་དང་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཁྲོད་སྐད་ཡིག་ཀྱང་དེ་དང་བསྟུན་ནས་ཕུན་སུམ་ཇེ་ཚོགས་དང་གསོན་ཉམས་ལྡན་ཞིང་། སྐད་ཡིག་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གིས་ཕྱི་ཕྱོགས་སུ་འབྲེལ་འདྲིས་དང་། དྲིལ་བསྒྲགས། འགྲེམ་སྟོན་བྱེད་པའི་སྨྱན་སྦྱོར་གཙོ་བོ་ཞིག་ཡིན། འཛམ་གླིང་གི་དཔལ་འབྱོར་དང་རིག་གནས་མཉམ་འདྲེས་ཆེན་པོའི་གོམ་སྟབས་ཀྱིས་དུས་རབས་ཀྱི་འཕེལ་ཕྱོགས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་བཞིན་ཡོད། དེང་སྐབས་ཀྱི་འཛམ་གླིང་རྒྱལ་ཁབ་ཁག་གི་སྐད་ཡིག་ནི་ཕྱི་འབྲེལ་གྱི་ཚིག་སྦྱོར་དང་། རྒྱུན་སྤྱོད་སྐད་ཆ། རིག་གཞུང་ཐད་སྤྱོད་པའི་སྐད་སོགས་ཁོ་ན་མ་ཡིན་པར་རྩིས་འཁོར་དང་དྲ་བ་ཐད་ལ་སྐད་ཡིག་མང་པོ་ཐོན་ཡོད་པས། སྐད་ཡིག་དང་ཡི་གེ་རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཡོད་ལ། ཡིག་སྒྱུར་ཁྱབ་ཁོངས་ལ་འགྲན་སློང་ཡང་བྱས་ཡོད། སྐད་ཡིག་སྣ་ཚོགས་ཡིག་སྒྱུར་བྱེད་པའི་ཆེད་ལས་མི་སྣར་ཞིབ་ཕྲའི་ཡིག་སྒྱུར་བརྒྱུད་རིམ་ནང་མི་རིགས་སྐད་ཡིག་གི་རྨང་གཞི་ཟབ་མོ་ལྡན་དགོས་པ་མ་ཟད། ཡིག་སྒྱུར་བྱས་པའི་རྩོམ་ཡིག་དེའི་ནང་དོན་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་། འདྲེན་རྐྱོང་གོ་དོན། སྐད་ཡིག་གི་ཞིབ་ཕྲའི་ཁོར་ཡུག་སོགས་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།ཐ་སྙད་གསར་པ་ཡིག་སྒྱུར་བྱེད་སྐབས་ཐད་བསྒྱུར་དང་དོན་སྒྱུར། གསོན་སྒྱུར། སྒྲ་གཡར་སྟངས་སོགས་ཀྱི་ཐོག་ནས་མ་ཡིག་ལ་གོ་བ་ཡང་དག་ལེན་པའི་རྨང་གཞིའི་ཐོག་བོད་ཡིག་གི་མཚོན་ཐབས་དང་བརྡ་སྤྲོད་ཀྱི་སྒྲིག་སྲོལ་དང་འཚམ་རྒྱུར་དོ་སྣང་བྱེད་དགོས།

     ལྔ། ཇི་ལྟར་བྱས་ན་ཡིག་སྒྱུར་གྱི་ཚད་གཞིའི་བླང་བྱའི་ཚད་ལ་སླེབས་ཐུབ།

     ཡིག་སྒྱུར་གྱི་ཚད་གཞིའི་བླང་བྱ་ནི་“ཚིག་སྦྱོར་བདེ་ཞིང་གོ་སླ་བ”ཡི་ཚད་གཞི་ཙམ་རེད། “ཚིག་སྦྱོར་བདེ་ཞིང་གོ་སླ་བ་”ཞེས་པ་ནི་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་དོ་སྣང་བྱེད་དགོས་པའི་རྩ་དོན་གསུམ་གྱི་གྲས་ཤིག་ཡིན་ལ། སླེབས་མི་རུང་བའི་ཚད་གཞི་ཞིག་ཀྱང་ཡིན་ཞིང་། བསྒྱུར་ཡིག་ཅིག་ཐོག་མར་མ་ཡིག་གི་བརྗོད་དོན་གཙིགས་བཟུང་བྱེད་དགོས་པ་དང་། དེ་ནས་གོ་བདེ་ཤེས་སླའི་ངང་མཐར་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པའི་སྐད་བརྡ་སྤྱད་དེ་ཡིག་སྒྱུར་རྩལ་ནུས་རྩེར་སོན་གྱིས་མ་ཡིག་གི་བསམ་བློའི་ནང་དོན་བསྐྱར་དུ་མངོན་པར་བྱས་ནས་བསྒྱུར་ཡིག་ཀློག་སྐབས་མ་ཡིག་ལྟར་གསོན་ཉམས་དོད་པའི་ངང་ཀློག་ཐུབ་པར་བྱེད་དགོས།

      མདོར་ན། ཡིག་སྒྱུར་ལས་དོན་གྱི་ལས་འགན་ལྗིད་ལ་ལམ་ཐག་རིང་བ་དང་ཡིག་སྒྱུར་ཁྱབ་ཁོངས་རྒྱ་ཆེ་ལ་འགྲན་སློང་གིས་ཁེངས་ཡོད། སའི་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་ཆབས་ཅིག་འཛམ་གླིང་གི་རིག་གནས་མཉམ་འདྲེས་ཀྱི་རྣམ་པ་དེ་བས་མང་དུ་འགྲོ་བ་དང་མགྱོགས་མྱུར་ཅན་དུ་འགྱུར་བཞིན་ཡོད། ཡིག་སྒྱུར་ལས་དོན་ཡང་རིམ་བཞིན་རྒྱལ་སྤྱི་ཅན་དང་། ཆ་འཕྲིན་ཅན། ཚན་རིག་ཅན་བཅས་སུ་འགྱུར་བཞིན་ཡོད། འཛམ་གླིང་ཇི་ལྟར་འཕེལ་རྒྱས་བྱུང་རུང་གང་ལྟར་སྐད་ཡིག་དང་ཁ་འབྲལ་ཐབས་མེད་པ་དང་། སའི་གོ་ལ་ཧྲིལ་པོའི་སྐད་ཡིག་འབྲེལ་མཐུད་བྱེད་པའི་འབྲེལ་ཟམ་ཡིན་པའི་སྐད་ཡིག་ཡིག་སྒྱུར་དེས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མིའི་རིགས་ཀྱི་སྔོན་ཐོན་རིག་གནས་བར་སྤེལ་རེས་དང་། སློབ་སྦྱོང་། མཉམ་འདྲེས། བརྒྱུད་སྤེལ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་ངེས་ཡིན་པ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ཆེན་པོ་འདིའི་ནང་གི་ལོ་ཙཱ་བ་རྣམས་ནི་གཙོ་ཤུགས་དམག་དཔུང་བྱེད་ཐབས་བྲལ་བ་ཞིག་ཀྱང་རེད། ཡིག་སྒྱུར་མཁན་གྱི་ཡིག་སྒྱུར་ཆུ་ཚད་ཀྱི་མཐོ་དམན་གྱིས་ཐད་ཀར་རིག་གནས་སྤེལ་རེས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཡིག་སྒྱུར་མཁན་གྱིས་རང་ངོས་ཀྱི་ཡིག་སྒྱུར་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། བོད་རྒྱ་རྩོམ་རིག་གཉིས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། དུས་ཐོག་ཏུ་སྐབས་དོན་ཆབ་སྲིད་ཀྱི་བྱེད་ཕྱོགས་ཤེས་རྟོགས་བཅས་བྱས་ནས་ཡིག་སྒྱུར་གྱི་ཚད་གཞིའི་བླང་བྱར་སླེབས་པ་བྱེད་དགོས། དུས་སྐབས་གསར་པའི་བོད་ཡིག་ཚགས་པར་ཡག་པོ་གཉེར་ཆེད་ཡིག་བསྒྱུར་ལས་དོན་ཧུར་ཐག་སྒྲུབ་དགོས། ཚན་རྩལ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཐ་སྙད་གསར་པ་གཅིག་རྗེས་གཉིས་མཐུད་དུ་ཐོན་བཞིན་ཡོད་ཅིང་། ཡིག་སྒྱུར་པ་ཞིག་གི་ངོས་ནས་བརྗོད་ན། གལ་ཏེ་ངས་ཤེས་བྱ་ཟམ་མི་ཆད་པར་གསར་སྒྱུར་མི་བྱེད་པ་དང་སློབ་སྦྱོང་ལ་ཤུགས་སྣོན་མ་བརྒྱབ་ན། ད་ཡོད་ཀྱི་ལས་སྒོའི་ཆུ་ཚད་ཀྱིས་དུས་སྐབས་གསར་པའི་ལས་དོན་གྱི་འགན་ཁུར་མི་ཐུབ་པ་དང་། ཡིག་སྒྱུར་ནི་བསྐྱར་དུ་གསར་རྩོམ་བྱེད་པའི་ལས་དོན་ཞིག་ཡིན་པས། དེར་བསམ་གཞིགས་ཡང་ཡང་བྱས་ནས་ཤེས་ཡོན་གྱི་འཚོ་བཅུད་ཟམ་མི་ཆད་པར་བསྡུ་ལེན་བྱས་ཏེ་ཡིག་སྒྱུར་བྱས་པའི་མ་ཡིག་གོ་བདེའི་ངང་ཤེས་དགོས།

 


  • ལེ་ཚན་སྔོན་མ།:ཝང་ཞའོ་ཧུའེ་དང་ཧོང་ཆང་ཉག་ཆུ་རྫོང་དུ་ཕེབས་ནས་མཛུབ་སྟོན་གནང་།
  • ལེ་ཚན་རྗེས་མ།:སྐབས12པའི་ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས6པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།