ལི་ཐང་གུར་ཀུམ་མེ་ཏོག་སྙི་སྦྲང་རྒྱལ་སྤྱིའི་གླེང་སྟེགས་སུ་མངོན།

( སྐལ་བཟང་རྒྱ་མཚོས་བསྒྱུར།)        2024-07-24

ཉེ་ཆར། བཟའ་སྨན་ཁུངས་གཅིག་ནུས་ལྡན་བཟའ་བཅའ་དང་བདེ་ཐང་གི་རྒྱལ་སྤྱིའི་གླེང་སྟེགས་སྐབས་གཉིས་པ་ཁུན་མིང་གྲོང་ཁྱེར་དུ་གཉེར།ཧང་ཀྲོའུ་གྲོང་ཁྱེར་ཆན་ཐང་ཆུས་ཀྱིས་ལི་ཐང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པར་གྲུབ་འབྲས་གཡུར་ཟ་ཐོབ་ནས་ལི་ཐང་གི་གུར་ཀུམ་མེ་ཏོག་སྙི་སྦྲང་ད་ཐེངས་ཀྱི་གླེང་སྟེགས་ཐོག་འགྲེམས་སྟོན་བྱས་པ་རེད།

རྒྱལ་སྤྱིའི་གླེང་སྟེགས་ཐོག་འགྲེམས་སྟོན་བྱས་པའི་འབྲས་བཟང་ཐོབ་པ་དེས་ཧང་ཀྲོའུ་གྲོང་ཁྱེར་ཆན་ཐང་ཆུས་དང་ལི་ཐང་རྫོང་གི་རི་ཆུའི་བརྩེ་བ་ཟབ་མོ་མཚོན་པ་དང་།ལག་རྡང་སྦྲེལ་ཏེ་མདུན་དུ་སྐྱོད་བཞིན་ལི་ཐང་རྫོང་གི་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་སྐྱོར་བླ་ལྷག་ཐོབ་པའི་གཏམ་རྒྱུད་ཞིག་ཀྱང་མཚོན།

2022ལོར་ལི་ཐང་གི་མཁོ་དགོས་ལྟར་ཆན་ཐང་གིས་ཅི་ནུས་ཀྱིས་རོགས་སྐྱོར་བྱེད་པའི་སྤྱི་ཡོངས་ཀྱི་དམིགས་འབེན་ལ་གཞིགས་ནས།ཆན་ཐང་ཆུས་ལི་ཐང་བཅའ་སྡོད་ལས་དོན་རུ་ཁག་གི་འབྲེལ་གཏུག་འོག་ཧང་ཀྲོའུ་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་དང་ལི་ཐང་རྫོང་བར་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་ཁྱབ་ཁོངས་མང་པོའི་ཆེད་མཁས་པའི་ཐོན་ཁུངས་སྡེབ་སྒྲིག་བྱས་པ་བརྒྱུད་ཆེད་མཁས་པའི་དཔུང་ཁག་བཙུགས་པ་རེད།

ལི་ཐང་རྫོང་མོ་ལ་སྟོད་ཡུལ་ཤོག་ནི་ས་མཐོའི་ལུང་གཞུང་དུ་གནས་པ་དང་མཚོ་འཕགས་སྨི3600ལྷག་ཡོད་པས་རྫོང་དེར་མཚོན་ན་ཞིང་ལས་འཕེལ་རྒྱས་གཏོང་ཆོག་པའི་ས་ཆ་ཡག་ཤོས་ཞིག་ཡིན། 2022ལོར་ཆེད་མཁས་པ་དང་ཧང་ཀྲོའུ་གྲོང་ཁྱེར་ཟས་རིགས་འཚོ་བཅུད་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཧྲེན་ལི་རུང་གིས་ལི་ཐང་རྫོང་ལ་གུར་ཀུམ་མེ་ཏོག་གི་ས་བོན་སྤྱི་རྒྱ50སྤྲད་དེ་ལས་དོན་རུ་ཁག་གིས་མོ་ལ་སྟོད་ཡུལ་ཤོག་ཏུ་གུར་ཀུམ་མེ་ཏོག་འདེབས་རྒྱུའི་ཚོད་ལྟ་བྱེད་འགོ་བཙུགས། གུར་ཀུམ་མེ་ཏོག་ནི་སྨན་རིགས་རྩ་ཆེན་ཞིག་ཡིན་པས་གསེར་སྙི་མོ་ཞེས་པའི་མཚན་སྙན་ཡོད། མེ་ཏོག་དེ་མཐོ་སྒང་ས་ཆ་རུ་འདེབས་འཛུགས་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན། ལས་དོན་མི་སྣས་འདེབས་གསོ་ཞིབ་ཚགས་བྱས་པར་བརྟེན2023ལོའི་ཟླ9པར་མོ་ལ་སྟོད་ཡུལ་ཤོག་ཏུ་གུར་ཀུམ་མེ་ཏོག་ཐོག་མ་བཞད་པར་མ་ཟད། དེས་ལོ་དེར་རང་རྒྱལ་དུ་གུར་ཀུམ་མེ་ཏོག་བཞད་སྔ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད།

ལི་ཐང་རྫོང་མོ་ལ་སྟོད་ཡུལ་ཤོག་གི་ཏང་ཨུ་ཧྲུའུ་ཅི་སྐལ་བཟང་འཕྲིན་ལས་ཀྱིས་གུར་གུམ་མེ་ཏོག་གི་ས་བོན་སྤྱི་རྒྱ50དང་དགེ་རྒན་ཆེན་མོ་ཧྲེན་ལི་རུང་གིས་མཛུབ་ཁྲིད་ཞིབ་ཚགས་ལ་བརྟེན་ནས་ང་ཚོས་ས་མཐོའི་དམིགས་བསལ་གནམ་གཤིས་ཀྱི་ཆ་རྐྱེན་འོག་གུར་ཀུམ་མེ་ཏོག་འདེབས་གསོ་བྱེད་པའི་ལག་རྩལ་བྱང་ཆུད་པ་ཞིག་སྦྱངས་ཡོད། ཕྱིན་ཆད་ང་ཚོས་རང་ཉིད་ཀྱིས་གསོ་སྤེལ་བྱས་ནས་འདེབས་འཛུགས་ཁྱབ་གདལ་གཏང་ཐུབ་ཅེས་བཤད།

ལི་ཐང་རྫོང་གི་གུར་ཀུམ་མེ་ཏོག་གི་ཐོན་ལས་འབྲེལ་ཐག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་ཆེད། དགེ་རྒན་ཆེ་མོ་ཧྲེན་ལི་རུང་གི་མཛུབ་སྟོན་དང་ལི་ཐང་རྫོང་ལི་ཐང་དང་ཆན་ཐང་སྤུས་དག་ཞིང་ལས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་བཅས་མཉམ་འབྲེལ་ཆེད་ལས་ཚོགས་པས་ཟླ་བ་ཁ་ཤས་རིང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱས་པ་བརྒྱུད་ལི་ཐང་གུར་ཀུམ་མེ་ཏོག་གི་སྙི་སྦྲང་ཁྲོམ་རར་བཏོན་ཐུབ་པ་བྱུང་། སྙི་སྦྲང་དེར་ལུས་ཟུངས་གསོ་བྱེད་དང་ནུས་ལྡན་བཟའ་བཅའ་ཡི་ཕྱོགས་བསྡུས་ལེགས་ཆ་ལྡན་པ་ཞིག་ཡིན།

ལི་ཐང་རྫོང་ཨུའི་རྒྱུན་ཨུ་ཧྥུ་ལི་ཁྲུན་གྱིས་ད་སྔར་སྙི་སྦྲང་ཕྱིར་ཚོང་གི་ཐབས་ལམ་ད་དུང་ཁྱོན་ཡོངས་ནས་སྤེལ་ཐུབ་མེད། གཙོ་བོ་ཧང་ཀྲོའུ་ཁྲོམ་རར་ཁ་གཏད་ནས་ཕྱིར་ཚོང་བྱེད་ཚད་ཅུང་མང་བས་ཁྲོམ་ར་ཅན་དུ་འགྱུར་ཚད་ད་དུང་མཐོ་རུ་གཏང་དགོས་འདུག། ད་ཐེངས་ཀྱི་གླེང་སྟེགས་འདི་ནི་གུར་ཀུམ་མེ་ཏོག་གི་སྙི་སྦྲང་རྒྱལ་ནང་དང་ཐ་ན་རྒྱལ་སྤྱིའི་ཁྲོམ་རར་ཁ་ཕྱོགས་པའི་གོམ་པ་གལ་ཆེན་ཞིག་ཡིན་ཞེས་བཤད།།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་དུ་ཞལ་འདེབས་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།