སྙིང་སྡུག་གཉིད་སོང་།ངས་སྙན་ངག་འབྲི་བཞིན་ཡོད།

ཚོར་སྦྲང་།        2024-07-31

            འབྱིན་རྔུབ་ཐན་ཐུན་གྱི་ནང་ནས།

ངས་སྙིང་སྡུག་གི་གཡའ་མ་ཆགས་པའི་

བརྩེ་བ་ཚོར་ཐུབ།

བརྩེ་སེམས་ཀྱི་ནུས་མཐུ་རྒོད་པོས།

ང་རང་ཕྱི་རོལ་གྱི་འཁྱག་རླུང་དེ་

ལས་ཀྱང་ཐར་ཐུབ་གནང་བྱུང་།

སྙིང་སྡུག་གི་འབྱིན་རྔུབ་ཐན་ཐུན་དེ་ནི།

ང་ལ་མཚོན་ན་ང་རྒྱལ་གྱི་མེ་རླབས་

ཚ་བོ་ཞིག་ཡིན་ཏེ།

དེས་ང་ཡི་ཁེར་རྐྱང་གི་སེམས་ངལ་

མཐའ་དག་བསྲེགས་པར་བྱས་སོང་།

ཡུན་རིང་ངང་སྒུག་བྱས་པའི་པདྨ་སྔོན་པོ་དེ།

ངའི་ཉེ་ས་ནས་ལྷམ་མེར་གསལ་བྱུང་།

མཆུ་སྒྲོས་ཀྱི་པད་མ་ངའི་བྲང་ཁར་བཞག་སྟེ།

ཁྱེད་རང་རྨི་ལམ་ནས་རྨི་ལམ་གཞན་

ཞིག་རྨིས་དུས།

ངས་ཁྱེད་རང་གཏན་ཏུ་དེ་རིང་ཇི་བཞིན།

བརྩེ་འདང་དང་འདྲེས་པའི་འབྱིན་

རྔུབ་ཐན་ཐུན།

ངའི་བྲང་གཞུང་ནས་འཇགས་སུ་མེད་

ན་བསམ་བྱུང་།

སྙིང་སྡུག་ནི་ང་རང་སྐྱོ་བས་མནར་སྐབས།

མིག་མདུན་ནས་བཅོས་འཛུམ་བསྟན་ན་ཡང་།

ངའི་ངོ་གདོང་གི་འཛུམ་མདངས་

མ་གཏོགས།

དེའི་རྒྱབ་ཕྱོགས་ཀྱི་སྐྱོ་སྣང་མི་མཐོང་

མཁན་ཞིག་མིན་ཏེ།

རྨི་ལམ་གྱི་ཞིང་ཁམས་ནས་ཀྱང་།

ལྷད་མ་འདྲེས་པའི་བརྩེ་སེམས་ཀྱིས་

ང་ལ་གཟིགས་བྱུང་།


  • ལེ་ཚན་སྔོན་མ།:ལས་སྨོན་གྱི་སྒྲུང་།
  • ལེ་ཚན་རྗེས་མ།:ནང་སེམས་གཙང་མའི་མགུར།