ནང་སེམས་གཙང་མའི་མགུར།

རུས་རྐང་དྭངས་མ།        2024-07-31

            ནང་སེམས་རི་ལ་སྒོམ་དུས། །

བྱམས་པའི་ཡིད་དང་མ་མཐུན། །

གདུང་སེམས་རླུང་ལ་བསྐུར་ན། །

མཛའ་བོའི་རྨི་ལམ་དཀྲོགས་འགྲོ། །

ཡིད་ཀྱི་ཆུ་མོའི་གཞུང་ལ། །

དྲན་པའི་ཚིག་གསུམ་ལབ་ཡོད། །

ཁྱོད་ཀྱིས་མཐོང་བར་བྱུང་ན། །

དོན་གྱི་ཡིག་ལན་གནང་རོགས། །

གསེར་མིག་ཉ་ཆུང་ཡིག་འབྲུ། །

ཆུ་དང་ཆུ་ཕྲན་འགྲོགས་ཏེ། །

ཞི་བདེ་རྒྱ་མཚོའི་ཕྱོགས་སུ། །

བཞུར་བར་བྲེལ་བས་འཚུབ་ཡོད། །

ང་དང་ངང་ཆུང་ཁྱུ་ཚོགས། །

མཚོ་མོའི་དར་ཁ་འགྲིག་པར། །

ལོ་སྣེར་ཟླ་བས་མཐུད་དེ། །

སེམས་པ་སེམས་ཀྱིས་སྒུག་ཡོད། །

ཁྲེལ་གཞུང་ཕྱི་ཐག་ཅན་པོས། །

བརྩེ་བའི་སྒོ་མོ་ཕྱེས་དང་། །

དབྱངས་ཀྱི་རྩ་མདུད་རིང་མོ། །

མ་གསང་ཁྱོད་ལ་བཤད་ཆོག །

རི་དང་ཆུ་ཕྲན་བརྒལ་ཏེ། །

བདག་སེམས་ཁྱོད་ཕྱོགས་སོང་ན། །

ཉིན་དང་སྲིབ་ཀྱི་དབྱེ་བ། །

འབྱེད་པར་དོན་གོ་མི་འདུག །

སེམས་ཀྱི་གདུབ་ཀོར་ཁྲ་ཁྲ། །

མིག་གི་མེ་ཏོག་འོད་ཆེན། །

གནམ་སའི་འདྲེས་མའི་མཚམས་སུ། །

ཁྱེད་དང་འཕྲད་པ་བྱུང་ན། །

ན་ནིང་བརྩེ་བའི་མགུར་མ། །

ད་ལོའི་དབྱངས་ཀྱི་འགྱུར་ཁུག །

མ་སྦས་ཞལ་འཛོམས་ཉིན་མོར། །

མཆོད་པའི་སྐྱེས་སུ་དབུལ་ཆོག །


  • ལེ་ཚན་སྔོན་མ།:སྙིང་སྡུག་གཉིད་སོང་།ངས་སྙན་ངག་འབྲི་བཞིན་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།