དབྱར་གྱི་མཛེས་སྡུག་འཐུ་བའི་འབྲོག་པ།

གངས་ཆབ་ལྷ་སྲས།        2024-07-17

            གངས་ཀྱི་གཟི་འོད་མི་འཇིག་ལྷོད་ཀྱིས་འཚེར།།

ཆུ་འཛིན་ལ་ལུང་འཁྲིགས་པའི་ལྡིང་ཁང་ནས།།

སྤྲིན་ཆར་ཟིལ་མས་རྩེད་འཇོ་རོལ་བའི་འཕྲལ།།

སྤང་ལྗོངས་གཡུ་ལོ་གོས་བཟང་བརྒྱན་འདི་རྨད།།

རྟ་ནོར་ལུག་གསུམ་གཡང་གི་རུ་མར་ཆགས།།

སྦྲ་ནག་དུ་ཞགས་གཡུ་འབྲུག་འཁྱུག་ལྟར་འཕྱོ།།

དཀར་གསུམ་ཟས་ཀྱི་ལྟེ་བ་འཁྱིལ་བའི་ཡུལ།།

འབྲོག་པའི་འཚོ་བ་སྤྲོ་ཕེབས་ངང་གིས་རོལ།།

རྩྭ་ཐང་ཡངས་ཤིང་རྒྱས་པའི་མུ་མཐའ་བྲལ།།

རྟ་ཕོས་འཚེར་སྐད་མཆེད་པའི་ས་སྲོད་དེར།།

རྫི་བོས་ནོར་ལུག་ལྷས་ཀྱི་ཕྱོགས་སུ་བསྐོར།།

ལྷས་འདབས་ཁྱི་རྒན་སྐད་སྒྲ་ཇེ་མཐོར་ཕྱིན།།

བཞོ་ཟེའུ་ལག་ཏུ་ཐོགས་པའི་གཞོན་ནུ་མས།།

དགོ་དགོ་གཡང་རྟའི་ངག་གིས་འོ་མ་ཕབ།།

འབྲི་མོ་དུང་ཆུང་དཀར་མོ་དགའ་དུང་གིས།།

ངུར་སྒྲས་མུ་ཁྱུད་རྩྭ་ཐང་ཁེབས་པར་བྱས།།

གཡང་དཀར་མ་བུ་འདྲེས་པའི་འབའ་སྒྲ་ཡིས།།

མི་རྣམས་སེམས་སུ་བརྩེ་བའི་འོད་ཅིག་བྲིས།།

སོས་དལ་ཀློང་དུ་བཞུགས་པའི་རྒན་པ་ཚོས།།

ངག་ནས་མ་ཎི་ཟློ་བཞིན་རྒྱང་ལ་འཛུམ།།

སྦྲ་སྒོ་ཆོན་ཐག་བྱིས་པའི་བཞོན་རྟ་ཡིན།།

སྒྲོལ་མའི་སྒོ་དར་རླུང་བུའི་རྩེད་རོགས་ཉིད།།

མེ་ཏོག་ལྡེམ་ལྡེམ་གཡོ་བའི་སྤང་དཀྱིལ་འདི།།

བུང་བ་གཞོན་ནུའི་སྣང་མཐུན་རྙེད་ཡུལ་ཡིན།།

འདི་ནས་ཕར་ལ་བལྟས་པའི་རི་རྩེ་གན།།

ཁྲི་གདུགས་ཉི་མའི་གྱེས་ཕྱག་ཕུལ་ས་ཡིན།།

ཕར་ནས་ཚུར་ལ་མཐོང་བའི་རི་རྩེ་འདི།།

དུང་ཆུང་ཟླ་བའི་ཞལ་རས་མངོན་ཡུལ་ཡིན།།

མཛེས་སྡུག་རྣམ་པར་བཀྲ་བའི་ཕ་ཡུལ་འདི།།

སྟེང་ཕྱོགས་ལྷ་ཡུལ་ལས་ཀྱང་སྐྱིད་སྣང་ཤར།།

ལོངས་སྤྱོད་འདོད་རྒུ་འཛོམས་པའི་ཕ་ཡུལ་འདི།།

འོག་ཕྱོགས་ཀླུ་ཡུལ་ལས་ཀྱང་ཕྱུག་པར་གླེང་།།

གཙང་འགྲམ་བསུང་ངད་འཐུ་བའི་ཕྱེ་ལེབ་འདི།།

དབྱར་གྱི་དཔལ་ཡོན་བསུ་བའི་མགྲོན་པོ་རེད།།

འབྲོག་པའི་སྣང་ཚོར་དབྱངས་སུ་བརྒྱུས་པ་འདི།།

ཁོ་བོ་ལྗོངས་རྒྱུར་ཕྱིན་པའི་རྐང་རྗེས་ཡིན།།


  • ལེ་ཚན་སྔོན་མ།:ཨ་དགུ་ཆ་དགུའི་མུ་འབྲེལ་ཟིན་ཐོ།
  • ལེ་ཚན་རྗེས་མ།:ཟླ་འོག་གི་ཚོར་མགུར།