ལག་བརྡ།

༼ རྫ་ཤུལ་བློ་བཟང་། ༽        2024-07-12

ཚིག་བདེ་མོས་བདེ་མོ་བཞག་བཏང་ན། །

སེམས་བདེ་མོའི་ངང་ནས་གནས་ཐུབ་ཀི། །

གཏམ་མང་པོ་བཤད་ན་ཉོག་འགྲོ་བས། །

སེམས་མཚོན་པའི་མིང་དང་ཐ་སྙད་འབྲི། །

བློ་མ་བཅོས་དངུལ་དཀར་མེ་ལོང་ཡིན། །

ཚིག་མ་བསྒྱུར་རང་བྱུང་ལྷུན་འགྲུབ་ཡིན། །

མགུར་སྙན་མོའི་ནང་གི་སེམས་གཏམ་དེ། །

གནས་འདི་ནས་རྒྱང་རིང་ཡུལ་དུ་བསྐུར། །

ངག་བདེ་མོས་བདེ་མོ་བརྗོད་དགོས་དུས། །

དབུགས་སྟོད་དུ་འཚང་ནས་སེམས་དཀའ་རུང་། །

མིག་བཙུམས་ནས་ལག་བརྡ་བྱས་པ་འདིས། །

སེམས་བསམ་པའི་གསང་བ་མཚོན་ཐབས་བྱོས། །

ས་འགུལ་རུང་སེམས་རྩ་མ་འདར་མོད། །

འཆི་དགོས་རུང་འཇིགས་སྣང་མ་སྐྱེས་ཀྱང་། །

གཞི་འཁོར་བའི་ནང་གི་སེམས་ཀྱི་གྲོགས། །

སེམས་ཁ་ཐག་རིང་ན་ཤིན་ཏུ་སྐྲག །

ཆུ་བཞུར་སོང་སེམས་པ་མ་གྲང་མོད། །

དགུན་ཚེས་སོང་སྐྱོ་སྣང་མ་ཡོད་ཀྱང་། །

ངའི་སྨིན་དྲུག་གནས་གཞན་བཞུད་སོང་བས། །

གནས་འདི་ནི་ལྷིང་འཇགས་ཡིན་པར་སེམས། །

བྱ་འཕུར་སོང་རྗེས་ཤུལ་མ་མཐོང་བས། །

བྱིའུ་འཇོལ་མོའི་སེམས་པ་རྒྱང་དུ་ཕྱོགས། །

མིག་མཆུ་མ་འཁྲིགས་ནས་ཆུ་འགྲམ་དུ། །

སེམས་དམིགས་པ་མེད་པར་ཡར་མར་འཁྱམས། །

སྤྲིན་དཀར་པོས་འདུ་འགོད་བྱེད་པའི་དུས། །

ཆུ་དྭངས་མོའི་རླབས་རྒྱུན་གཡོ་བའི་སྐབས། །

རླུང་འཇམ་པོས་ལུས་སེམས་བརླན་པའི་དུས། །

སེམས་བསམ་པའི་གཏིང་ནས་ཕྱིར་འདང་བྱས། །

ས་ཁ་མདོག་ཡག་སོང་མཛེས་སྡུག་བཀྲ། །

རྩི་མེ་ཏོག་བཞད་པའི་དུས་ཚིགས་དེར། །

འཛུམ་དྭངས་མོའི་ཟླ་ཞལ་མངོན་པ་དྲན། །

དབྱངས་སྙན་མོའི་གཞས་ཆུང་སེམས་སུ་འཁོར། །

གཏམ་དུམ་ཚིག་རེ་ལ་དགོད་གཏམ་རེ། །

ཚིག་རེ་འགའི་འཕྲོ་ནས་སྙིང་གཏམ་རེ། །

སེམས་བསམ་པ་དཀར་བའི་ཟླ་སྲས་མ། །

ཤ་རུས་པའི་གསེང་ནས་ཁྱེད་ཞལ་ལྷགས། །

ལས་ཨ་ཡིག་དཀར་པོ་བསུབ་ཐབས་མེད། །

གནས་འཁོར་བའི་གྲོང་ནས་བྲོས་ཐབས་མེད། །

ཚེ་སྔོན་མའི་བག་ཆགས་ཟབ་པས་ལན། །

སྙིང་དམར་པོའི་དཀྱིལ་ནས་འདང་ཞིག་འཁྲུངས། །

དབྱངས་སྨིན་དྲུག་ནང་གི་ཕྲ་ཆུང་མ། །

ཚིག་སྒྱུ་འཕྲུལ་ཁྲོད་ཀྱི་གར་མཁན་མ། །

གཞི་འཁོར་བའི་ནང་གི་སྨན་ཆུང་མ། །

ཚིག་སྙན་མོས་བདེ་མོས་ཆ་ཚང་བྲིས། །

  • ལེ་ཚན་སྔོན་མ།:བརྩེ་འཕྲིན་དང་སྨོན་འདུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།