བུད་མེད་ཚོས་ཟླ་མཚན་འབབ་སྐབས་རྒྱུན་ཤེས་འདི་དག་ལ་མཉམ་འཇོག་བྱ་དགོས།

    མཚོ་སྔོན་བོད་ཡིག་གསར་འགྱུར།    2024-07-11

     བུད་མེད་རྣམས་ཀྱིས་ཟླ་མཚན་འབབ་པའི་སྐབས་སུ་བཟའ་བཏུང་དང་སེམས་ཁམས། སྤྱོད་ལམ་སོགས་གང་གི་ཐད་ལའང་མཉམ་འཇོག་བྱ་དགོས་པ་སྟེ།

    གཅིག། གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས། ཟླ་མཚན་འབབ་པའི་སྐབས་སུ་ནད་དུག་ཕོག་སླ་བས། ངེས་པར་དུ་མཚན་མ་དང་གསང་དོར། ཤོག་བུ་བཅས་ཀྱི་གཙང་སྦྲར་དོ་སྣང་བྱ་དགོས། གསང་དོར་དང་གསང་ཁེབས་དུས་རྒྱུན་དུ་བཀྲུས་ནས་བརྗེ་བ་དང་ཉི་འོད་འོག་ཏུ་སྐམ་དགོས། ཤོག་བུ་འཇམ་ལ་གཙང་དགོས་པ་དང་ཡང་ཡང་བརྗེ་དགོས། ལུས་པོ་ལངས་ནས་བཀྲུ་བ་ལས་ཁྲུས་གཞོང་དུ་བཀྲུ་བའམ་ཆུར་རྐྱལ་མི་རུང་། ཕོ་མོའི་བར་གྱི་བྱ་བར་འཛེམ་དགོས་ལ་མཚན་མར་བརྟག་དཔྱད་བྱེད་དུས་སྔོན་ལ་དུག་སེལ་བྱ་དགོས།

    གཉིས། དྲོད་གྲང་སྙོམས་པོ་བྱ་དགོས། ཟླ་མཚན་སྐབས་རེར་མང་ཞིང་སྐབས་རེར་ཉུང་བ་དེ་ནི་དྲོད་གྲང་སྙོམས་པོ་མ་ཡོང་བའི་རྟགས་ཡིན་པས། ཟླ་མཚན་འབབ་པའི་སྐབས་སུ་ངེས་པར་དུ་དྲོད་སྲུང་བཟང་པོ་བྱས་ནས་དྲོས་འཁྱག་ལ་འགྲོ་བར་མཉམ་འཇོག་བྱ་དགོས། ཆུ་ལ་མི་བརྒལ་བ་དང་ཆར་ནང་དུ་མི་འགྲོ་བ། ཁ་བའི་ཁྲོད་དུ་མི་རྒྱུ་བ། ཚ་བའི་དུས་སུ་ངལ་རྩོལ་མི་བྱེད་པ་བཅས་བྱ་དགོས། དེ་མིན་ཚེ་ཟླ་མཚན་འབབ་པའི་སྐབས་སུ་ནད་རྟགས་སྣ་ཚོགས་འབྱུང་སྲིད།

    གསུམ། འཁྱག་རློམ་དང་ཚ་སྐྱུར་གྱི་ཟས་རིགས་ལ་འཛེམ་དགོས། ཟླ་མཚན་འབབ་པའི་སྐབས་སུ་ནུ་མ་སྐྲངས་ཤིང་ན་བ་དང་གསུས་པ་སྦོས་པ། དྲི་ཆུ་ཉུང་ཞིང་དྲི་ཆེན་སྐམ་པ་སོགས་ཀྱི་སྣང་ཚུལ་བྱུང་ན། མཆིན་པ་དྲག་ཅིང་མཚེར་བ་ཞན་པའི་རྟགས་ཡིན་པས། སྣུམ་ཉུང་ཞིང་འཚོ་བཅུད་བཟང་བའི་ཟས་རིགས་བསྟེན་དགོས། ཚ་སྐྱུར་གྱི་རིགས་མང་དུ་ཟོས་ན་ཚ་བ་འཕེལ་ཞིང་བསིལ་བ་ཉམས་པས། ཟླ་མཚན་ཇེ་མང་དུ་འགྲོ་བ་དང་། འཁྱག་པ་དང་རློན་པའི་རིགས་མང་དུ་ཟོས་ན་ཁྲག་རྒྱུ་བ་ཁེགས་པས་རྐེད་པ་ན་ཞིང་ཟླ་མཚན་འབབ་དཀའ་བ་རེད། ཆང་མང་དུ་འཐུང་ན། བུ་སྣོད་ལ་གནོད་འཚེ་ཐེབས་ཏེ་རླུང་ཁྲག་འཁྲུག་པ་དང་ཟླ་མཚན་རྒྱུན་ལྡན་སྒོས་འབབ་པར་གནོད་པ་བཟོ་སྲིད།

    བཞི། སེམས་ཁམས་ལེགས་པོ་ཡོང་བར་བྱ་དགོས། ཟླ་མཚན་འབབ་པའི་སྐབས་སུ་ནུ་མ་སྐྲངས་ཤིང་ན་བ། རྐེད་པ་ན་ཞིང་ཆད་སྣང་སྐྱེ་བ། གསུས་པ་སྦོས་པ་སོགས་ཀྱི་སྣང་ཚུལ་བྱུང་ནའང་སེམས་ཁམས་ལེགས་པོ་ཡོང་ཅི་ཐུབ་བྱ་དགོས། དེ་མིན་ཚེ་དོན་ལྔ་སྣོད་དྲུག་གི་ནུས་པ་འཁྲུག་ནས་རླུང་ཁྲག་རྒྱུ་བ་རྒྱུན་ལྡན་མིན་པ་དང་ཟླ་མཚན་མི་སྙོམས་པའི་ནད་འབྱུང་སྲིད།

    ལྔ། སྦྱོང་བརྡར་འཚམ་པོ་བྱ་དགོས། ཟླ་མཚན་འབབ་པའི་སྐབས་སུ་རླུང་ཁྲག་གི་རྒྱུ་བ་སྙོམས་པོ་ཡོང་རྒྱུ་ཤིན་ཏུ་གལ་ཆེ། འོས་འཚམ་གྱི་སྦྱོང་བརྡར་བྱས་ན་ཟླ་མཚན་རྒྱུན་ལྡན་གྱིས་བབས་ཏེ་རྐེད་པ་ན་བ་འགོག་ཐུབ། ཡིན་ཡང་སྦྱོང་བརྡར་ཚད་ལས་བརྒལ་མི་རུང་སྟེ། སེམས་ཚེགས་ཆེ་ཞིང་ཐང་ཆད་པ། སྦྱོང་བརྡར་དྲག་ཅིང་ལས་ཀ་ལྕི་མོ་ལས་ན་རླུང་ཟད་ཅིང་ཁྲག་ལ་ཤན་ཤུགས་ཐེབས་པས། ཟླ་མཚན་མང་བའམ་འབབ་ཡུན་ཇེ་རིང་དུ་འགྲོ་བ་དང་། ཐ་ན་ཚོད་འཛིན་བྱེད་མི་ཐུབ་པའི་གནས་སུ་འགྲོ་ངེས། །



ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། 


  • ལེ་ཚན་སྔོན་མ།:ཡུན་རིང་ལ་ནད་བྱུང་མྱོང་མེད་པའི་མིར་འབྲས་སྐྲན་འབྱུང་སླ་ཞེས་པ་བདེན་ནམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།