དགུན་དཔྱིད་དུས་སུ་སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་སྔོན་འགོག་བྱ་དགོས།

ཐོར་བུ།        2022-02-25

རྒན་པ་རྣམས་ཀྱིས་རྒྱུ་རྐྱེན་གསལ་བོ་མེད་པར་དྲན་མེད་དུ་བརྒྱལ་བ་དང་། སྙིང་ཤུགས་ཉམས་པ། སྙིང་གི་འཕར་ཚད་རྒྱུན་ལྡན་མིན་པ་བཅས་ལ་མཉམ་འཇོག་གང་ལེགས་བྱ་དགོས། སྣང་ཚུལ་དེ་དག་ནི་ཀླད་པའི་ཁྲག་རྩ་འགག་པ་སོགས་སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་འབྱུང་བའི་སྔ་ལྟས་ཤིག་ཡིན། ལོ་རེའི་ཟླ་བ་གསུམ་པ་ནས་ཟླ་བ་བཞི་བའི་བར་དང་། ཟླ་བ་བཅུ་གཅིག་པ་ནས་སང་ལོའི་ཟླ་བ་དང་པོའི་བར་ནི་ལོ་ལོན་ཚོར་སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་འབྱུང་ཚད་ཆེས་མཐོ་བའི་དུས་ཚིགས་ཡིན། ཁྱད་པར་དུ་དགུན་དཔྱིད་སྐབས་སུ། ནངས་དགོང་གི་དྲོ་གྲང་ལ་ཁྱད་པར་ཆེན་པོ་ཡོད་པས། མི་མང་པོ་ཞིག་ལ་ཆམ་པ་ཕོག་སླ་བ་རེད། སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཡོད་པའི་ནད་པར་མཚོན་ན། གལ་ཏེ་ཆམ་པ་ཕོག་ཚེ་ནད་གཞི་ཇེ་ལྗིད་དུ་འགྲོ་སྲིད། དེ་ནས་དུས་ཚིགས་བརྗེ་བའི་སྐབས་སུ། མི་རྣམས་ཀྱི་དབང་རྩའི་ནུས་པ་དོ་མི་སྙོམས་པའི་དབང་གིས། མི་མང་པོ་ཞིག་ལ་འདིའི་སྐབས་སུ་སུན་སྣང་དང་སེམས་འཚབ་པ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད།

ཆེད་མཁས་སྨན་པས་བཤད་པ་ལྟར་ན། སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་བྱུང་ཡོད་པའི་མི་རྣམས་ལ་མཚོན་ན། དགུན་དཔྱིད་ཀྱི་དུས་སུ་འཁྱག་གིན་མི་འཇུག་པ་དང་། སྔ་མོ་མལ་ལས་ལངས་སྐབས་མྱུར་དུ་ཉལ་སའི་ནང་ནས་ཡར་མི་ལངས་བར་ཉལ་སའི་ནང་འགུལ་སྐྱོད་ཅུང་ཙམ་བྱས་རྗེས་ད་གཟོད་ཡར་ལངས་ན་བཟང་བ་དང་། ནམ་གུང་གསང་སྤྱོད་ཁང་ལ་འགྲོ་དུས་ཀྱང་ལྭ་བ་གྱོན་ནས་ལུས་པོ་འཁྱག་ཏུ་མི་འཇུག་པ་བྱ་དགོས། གཞན་ད་དུང་ལོ་ལོན་ཚོས་སྔ་མོར་ལུས་ཕུང་སྦྱོང་བརྡར་མ་བྱས་ན་བཟང་། དེའི་རྒྱུ་མཚན་ནི་དགུན་དཔྱིད་ཀྱི་སྔ་མོའི་དྲོད་ཚད་ཅུང་དམའ་བས། ལོ་ལོན་ཚོས་ཉིན་རེའི་ཕྱི་དྲོའི་ཆུ་ཚོད་གསུམ་པ་ནས་བཞི་པའི་བར་སྦྱོང་བརྡར་བྱས་ན་འཚམ་པ་ཡིན་ནོ།། 

རྩོམ་སྒྲིག་པས་འཚོལ་སྡུད་བྱས།


  • ལེ་ཚན་སྔོན་མ།:བོད་ལུགས་གསོ་རིག་དང་མ་བུ་བདེ་སྲུང་གི་ཤེས་བྱ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།