བླ་མཚོ་མ་ཕམ་གཡུ་མཚོ་།

མཁས་གྲུབ་ཀྱིས་སྡུད་སྒྲིག་བྱས་ཤིང་པར་བླངས།        2022-02-25

བླ་མཚོ་མ་ཕམ་གཡུ་མཚོ་།

བླ་མཚོ་མ་ཕམ་གཡུ་མཚོ་།

བླ་མཚོ་མ་ཕམ་གཡུ་མཚོ་།


     ལྷ་དབང་ཕྱུག་གི་བཙུན་མོ་ལྷ་མོ་ཨུ་མའི་བླ་མཚོའམ་ཁྲུས་རྫིང་དུ་གྲགས་པའི་མ་ཕམ་གཡུ་མཚོ་ཞེས་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་སྟོད་མངའ་རིས་སྐོར་གསུམ་གྱི་ཡ་གྱལ་སྤུ་ཧྲེང་རྫོང་གི་ཁོངས་སུ་ཡོད་ལ། དེ་ནི་འཛམ་གླིང་སྟེང་གི་མཚོ་འཕགས་ཆེས་མཐོ་བའི་ཚྭ་མེད་མཚེའུ་ཞིག་ཡིན། མཚོ་དེ་ལ་མལ་དྲོས་མཚོ་དང་མ་དྲོས་མཚོ། མ་པང་མཚོ། མ་ཕམ་མཚོ། པད་མ་བླ་མཚོ་ལ་སོགས་མིང་གི་རྣམ་གྲངས་དུ་མ་ཞིག་ཀྱང་ཡོད་དོ།།

     ༼མངོན་པ་མཛོད༽ལས། རྒྱ་གར་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་རི་ནག་པོ་དགུ་འདས་པ་ན་གངས་རི་ཏི་སེ་དང་།དེ་ནས་ཤར་ཕྱོགས་སུ་སྤོས་ངད་ལྡང་གི་རི་ཡོད་ཅིང་།དེ་གཉིས་ཀྱི་བར་ན་ཁ་ཞེང་ལ་དཔག་ཚད་ལྔ་བཅུ་ཡོད་པའི་མཚོ་མ་དྲོས་པ་སྟེ་ཡོངས་གྲགས་སུ་མཚོ་མ་ཕམ་ཞེས་འབོད་པ་དེ་ཡོད་པར་བཤད་ལ།དེ་ཡང་སྔོན་བསྐལ་པ་ཆགས་པའི་དུས་སུ་མཚོ་འདི་ཉིད་མེད་པར་རྗེས་སུ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྨྱུག་སྦམ་ཞེས་བྱ་བ་ས་བཅུའི་བྱང་ཆུབ་སེམས་པ་ཞིག་བྱུང་ཞིང་།རྒྱལ་པོ་དེ་དུས་ནམ་ཞིག་སྐྱེད་མོས་ཚལ་དུ་བྱོན་པའི་ལམ་ཁར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་ཏེ་ཐུགས་སྐྱོ་སྟེ། མདུན་ན་འདོན་བྲམ་ཟེ་དུས་སྤོག་ཅེས་བྱ་བ་ལ་བཀའ་བསྩལ་པ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདི་དག་བདག་ཅག་སྐྱེ་བོ་ཀུན་གྱི་ཐུན་མོང་གི་ཆོས་ཡིན་ནམ།འོན་ཏེ་འདི་ཉིད་ཁོ་ན་ཡིན།བྲམ་ཟེས་སྨྲས་པ།ལྷ། འདི་ནི་བདག་ཅག་ཀུན་དང་ཐུན་མོང་ལགས་ཞུས་པས།རྒྱལ་པོས་སྨྲས་པ།འདི་ལ་ཕན་པའི་ཐབས་མཆིས་སམ། བྲམ་ཟེས་སྨྲས་པ། ལྷ། འདི་ལ་ཕན་ཐབས་མཆིས་ཏེ་གཏན་པ་མེད་པའི་སྦྱིན་པ་གཏོང་རིགས་སོ་ཞེས་གསོལ་བས།རྒྱལ་པོས་ཀྱང་སྦྱིན་གཏོང་གི་ཁང་པ་བརྩིགས་ཤིང་།འཛམ་བུའི་གླིང་གི་མི་ཐམས་ཅད་བསྡུས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ཟས་དང་གོས་ནོར་ལ་སོགས་པ་ཅི་འདོད་པའི་གཏན་པ་མེད་པའི་སྦྱིན་པ་རྒྱ་ཆེན་པོ་མཛད་པའི་ཚེ་ས་ལ་དོང་ཆེན་པོ་བྲུས་ནས་དེར་འབྲས་བཙོས་པའི་ཁུ་བ་རྣམས་འཕོ་པ་ལས་ལོ་བཅུ་གཉིས་ལོན་པ་ན་དོང་གང་ནས་མཚོ་ཆེན་པོ་གྱུར་པ་རེད།

མཚོ་འདི་ཉིད་ཀྱི་དབྱིབས་ནི་གྲུ་བཞི་ཡིན་ཞིང་མཚོའི་དཀྱིལ་མཐོ་ལ་མཐའ་དམའ་བ་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ། ནང་དུ་ཡོན་ཏན་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། མེ་ཏོག་སྣ་ཚོགས་པས་བརྒྱན་ཞིང་ཆུ་བྱ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ།གངས་ལྗོངས་ཀྱི་མཛེས་རྒྱན་དུ་གྱུར་བའི་མཚོ་ཆེན་བཞིའི་གྲས་ཡིན་པ་དང་མཚོ་གཞན་གསུམ་ལས་ཀྱང་གཏིང་ཟབ་ཤོས་དང་། མཁའ་རླུང་མཐོ་ཤོས་བཅས་ཀྱི་ཁྱད་འཕགས་ཀྱི་རང་བཞིན་མངོན་གསལ་དུ་གྲུབ་ཡོད་པས་ཕྱི་ནང་ཀུན་གྱི་རྩ་ཆེར་འཛིན་ཞིང་ཡུལ་གྲུ་ཀུན་ཏུ་སྙན་གྲགས་ཆེ་བ་ཞིག་ཡིན།

   མ་ཕམ་གཡུ་མཚོ་ནི་མཚོ་འཕགས་སྨི༤༦༠༠སར་གནས་ཡོད་པ་དང་། མཚོ་ཞེང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༣༢༠ཡོད་ཅིང་མཚོའི་གཏིང་ཚད་རིང་ཤོས་སུ་སྤྱི་ཁྲི༩༢ཙམ་ཟིན་གྱི་ཡོད། དེ་བཞིན་མ་ཕམ་གཡུ་མཚོའི་དྭངས་ཚད་ཀྱང་སྤྱི་ཁྲི་བཅོ་ལྔ་གསལ་གྱི་ཡོད་ཅེས་བརྗོད་ལ་མཚོ་སྐོར་རྐྱང་པ་གཅིག་ལ་སྤྱི་ལེ་བརྒྱད་ཅུ་གྱ་བཞི་ཡོད་པས་རྟ་ལམ་ཉི་མ་གཅིག་གིས་འཁོར་བ་དང་སྤྱིར་བཏང་མིས་ཉིན་བཞི་ལ་མཚོ་སྐོར་གཅིག་འཁོར་གྱི་ཡོད་པར་བཤད།

མཚོ་དེ་ལ་མ་དྲོས་མཚོ་དང་། པདྨ་བླ་མཚོ། མ་ཕམ་གཡུ་མཚོ་ཞེས་བརྗོད་ཅིང་། དེ་ཡང་མ་དྲོས་མཚོ་ཞེས་པ་ནི་ཀླུ་ཡི་རྒྱལ་པོ་མ་དྲོས་པའི་ཕོ་བྲང་ཡིན་པས་ན་མ་དྲོས་མཚོ་ཞེས་དང་། པདྨ་བླ་མཚོ་ཞེས་པ་ནི་དབྱིབས་པདྨ་འདབ་བརྒྱད་དང་མཚུངས་ཤིང་འདབ་མ་རེ་རེའི་ཕུ་ནས་ཆུ་རེ་འབབ་པས་ན་པདྨ་བླ་མཚོ། མཚོ་འདི་ཉིད་ལ་མ་ཕམ་ཞེས་འབོད་པ་ནི་འདི་ཉིད་ཀྱི་ཆུ་ཡན་ལག་བརྒྱད་དང་ལྡན་པ་ཁོ་ན་ཡིན་ཞིང་ཡོན་ཏན་གྱིས་མ་ཕམ་ཞེས་དང་མཚོའི་ཁ་དོག་གཡུ་ལྟར་སྔོ་བས་མ་ཕམ་གཡུ་མཚོ་ཞེས་སུ་གྲགས་སོ།།

བླ་མཚོ་མ་ཕམ་གཡུ་མཚོ་།

བླ་མཚོ་མ་ཕམ་གཡུ་མཚོ་།

བླ་མཚོ་མ་ཕམ་གཡུ་མཚོ་།


མཁས་གྲུབ་ཀྱིས་སྡུད་སྒྲིག་བྱས་ཤིང་པར་བླངས།


  • ལེ་ཚན་སྔོན་མ།:རྐང་ཐང་དུ་ཡུལ་སྐོར་འགྲོ་ས་དར་རྩེ་མདོའི་བུམ་པ་གཡུ་མཚོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།