གཉན་པོ་གཡུ་རྩེ།

དབང་ཆེན་གྱིས་བྲིས།        2017-08-30

གཉན་པོ་གཡུ་རྩེ།

གཉན་པོ་གཡུ་རྩེ་ནི་ཀན་སུའུ་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན་གསུམ་གྱི་འདུས་མདོ་རུ་ཡོད་ལ། གཉན་པོ་གཡུ་རྩེའི་མིང་དོན་ནི་གཉན་པོ། བཙན་ཤེད་ཆེན་པོ། གཡུ་རྩེ། ཆེས་མཐོ་སའི་གངས་ཀྱི་ཡངས་རྩེར་གཡུ་མདོག་ཅན་གྱི་རྫ་རི་ཡོད་པས་དེ་ལྟར་ཐོགས། གཉན་པོ་གཡུ་རྩེའི་སྲིད་པའི་ལྷ་རབས། གཉན་པོ་གཡུ་རྩེ་ཞེས་པ་ནི་ཕྱིའི་གནས་རིའི་མིང་ཡིན་ལ། ནང་དུ་གནས་པའི་གནས་བདག་གི་མིང་ལ་གཉན་ཆེན་ཐོད་པ་རྩལ་ཟེར་ཞིང་། སྲིད་པའི་ལྷ་རབས་རྣམས་སུ་གཉན་པོ་གཡུ་རྩེའི་ཕ་ཡབ་གངས་དཀར་ཏི་སེ་དང་། མ་ཡུམ་མ་ཕམ་གཡུ་མཚོ། མེས་པོ་བཞག་བྲག་ལྷ་རྩེ། ཞང་པོ་རྨ་རྒྱལ་སྦོམ་ར། ཚའུ་གཉན་ཆེན་ཐང་ལྷ་སོགས་ཡིན་པར་བཤད་ཅིང་། ད་དུང་གཉན་པོ་གཡུ་རྩེ་ནི་བོད་ཀྱི་སྲིད་པ་ཆགས་པའི་ལྷའི་གྲས་སུ་གཏོགས་པ་བན་བོན་གྱི་གནའ་དཔེ་མང་པོར་བཤད། 

གཉན་པོ་གཡུ་རྩེ།

གཉན་པོ་གཡུ་རྩེའི་འཁོར་ལ་བཙུན་མོ་ལྷ་ཡངས་སྒྲོལ་མ་དང་། སྲས་མོ་གཉན་མོ་ཀ་དཀར་དང་། བློན་པོ་གཡུང་དྲུང་ལྕགས་རྩེ་སོགས་མཆིས། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2338དང་། གནས་རི་རྐྱང་པའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ880ཡོད་ལ་ཟལ་མོ་སྒང་རྒྱུད་ཀྱི་ཆེས་མཐོ་བའི་གཙོ་རི་ཡིན། མཚོ་འཕགས་ནི་སྨི5380ཡོད། ཆེས་དམའ་ས་ནི་སྨ་རོང་ཡིན་ལ་དེར་མཚོ་འཕགས་སྨི3000ཡོད། གཉན་པོ་གཡུ་རྩེའི་རྩེ་མོར་བསྐལ་བའི་འཁྱགས་རོམ་དང་སྲིད་པའི་གངས་རྒན་ཆགས་ཡོད་ལ། ཉེ་བའི་ལོ་ཉི་ཤུའི་ནང་དུ་གངས་དང་འཁྱགས་རོམ་གྱི་ཞུ་ཚད་ཧ་ཅང་མགྱོགས། རླན་ས་ལ་མཚེའུ་དང་། བཞུར་རྒྱུན། ན་བ་སྟེ་རིགས་གསུམ་དུ་དགར་ཆོག གཉན་པོ་གཡུ་རྩེའི་མཐའ་འཁོར་དང་རྫ་རི་དག་གི་བར་གསེང་རྣམས་སུ་མཚོ་སྨན་ཆེ་ཆུང་སུམ་བརྒྱ་དྲུག་ཅུ་དང་། ཆུ་མགོ་སྟོང་དང་དགུ་བརྒྱ། ན་བ་ཆིག་སྟོང་ལྷག་ཡོད་ལ། ད་དུང་རིག་གནས་དང་ཚན་རིག་གང་གི་དབང་དུ་བྱས་ཀྱང་ཤར་རྒྱལ་མོ་རྔུལ་ཆུ་དང་རྔ་ཆུ་སོགས་ཆུ་བོ་གལ་ཆེན་མང་པོའི་ཆུ་མགོ་གནས་འདི་རུ་འཁེལ་ཡོད། གཉན་པོ་གཡུ་རྩེའི་ནུབ་བྱང་གི་ཆུ་རྣམས་རྨ་ཆུ་དང་ཤར་ལྷོའི་ཆུ་རྣམས་འབྲི་ཆུར་བརྒྱུད་འབབ་བཞིན་ཡོད་པས་གཉན་པོ་གཡུ་རྩེའི་རི་རྒྱུད་ནི་རྨ་འབྲི་ཆུ་བོ་གཉིས་ཀྱི་ཕྱེ་མཚམས་ཀྱང་ཡིན་པས་རྨ་འབབ་དང་འབྲི་འབབ་ཀྱི་ཆུ་མིག་གཉིས་ཅིག་ཆར་དུ་མིག་གང་གིས་མཐོང་ཐུབ་པའི་ས་བབས་དང་། ཆུ་མིག་གཅིག་ནས་གྱེས་ཤིང་འབྲི་ཆུ་སོ་སོར་བབས་པའི་ཆུ་ཕྲན་ངོ་མཚར་བ་སོགས་མང་དུ་ཡོད།

དེ་ཡང་གནས་འདིར་སྣ་མང་སྐྱེ་དངོས་ཀྱི་ལྟེ་གནས་ཤིག་ཡིན་ལ། གཉན་པོ་གཡུ་རྩེ་ནི་ཟལ་མོ་སྒང་རྒྱུད་ཀྱི་ཆེས་མཐོ་བའི་རི་བོ་ཡིན་པར་མ་ཟད། རི་རྣམས་ཀྱང་རྫ་རི་དང་། གཡའ་རི། སྤང་རི། ནགས་རི། གངས་རི་སོགས་ས་གཤིས་མི་འདྲ་བ་དུ་མས་གྲུབ་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་ཆར་ཆུ་ཆེས་མོད་ཅིང་ནགས་ཚལ་ཆེས་ཆེ་བའི་ས་ཆ་ཡིན་གཤིས་མཚེའུ་དང་ན་བ་སྟོང་ཕྲག་ལྷག་ཡོད། ད་དུང་ཤར་ལྷོ་ནགས་རོང་དང་ནུབ་བྱང་རྩྭ་ཐང་ཡིན་པ་སོགས་ས་བབས་ཁྱད་པར་བའི་དབང་གིས་གནས་འདིར་སྐྱེ་དངོས་ཀྱི་རིགས་སྣ་མང་འཛོམས་ཡོད། རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོར་ཐེ་བ། གསེར་གླག་དང་། མཚོ་གླག གོ་བོ། ཤ་དམར། གླ་སྐྱ། རྨོས་ཉ། གསའ། སྟག་མ་གཟིག ནགས་གླ། ཁྲུང་ནག ལྕང་སྲག ཁྲུང་ཁྲུང་བཅས་དང་། སྲུང་སྐྱོབ་རིམ་པ་གཉིས་པར་ཐེ་བ། སྤྲེལ། འཕར་བ། དོམ། དྲེད་མོང་། ཨོག་སེར། ཨོག་དཀར། རྩྭ་ཞུམ། གཡི། ཁྲི་ལེ། ཤ་སྐྱ། ཤ་ནག རྒོ་སྐྱ། རྒྱ་གོ་ར། ར་རྒྱ། གནའ་བ། ཁྲ་ཧོར་པ། ཁྲ་དམར། རྔོན་ཁྲ། གོང་མོ། ཟེར་མོ། བྱ་ཝང་དཀར་པོ། བྱ་ཝང་སྔོན་པོ། འུག་ཆེན། འུག་པ་རྣ་རིང་། འུ་གུ་ཆུང་། རྒོད་ཐང་དཀར། རྒོད་ཐང་ནག སྲམ། ཡེ་རྩེ། ཉ་གླག ནེ་ལེ། ནེའི་ཚ། ཁྲ་དཀར་སོགས་ཡོད།

གཉན་པོ་གཡུ་རྩེ།

གཉན་པོ་གཡུ་རྩེར་ཁྱད་པར་བའི་སྐྱེ་དངོས་གཟི་བྱིའུ་ཡོད་པ་དང་། གཟི་བྱིའུ་ནི་ཀྲུང་གོའི་ཐུན་མིན་གྱི་འདབ་ཆགས71གི་གྲས་ཀྱི་གཅིག་དང་། ཟལ་མོ་སྒང་རྒྱུད་ཁོ་ནར་མཆིས་པའི་གཉན་པོ་གཡུ་རྩེའི་བླ་བྱིའུ་ཡིན། གསའ་ནི་འཛམ་གླིང་རིམ་པའི་ཉམས་ཉེན་གྱི་སྲོག་ཆགས་དང་རང་རྒྱལ་གྱི་སྲུང་སྐྱོབ་རིམ་པ་དང་པོའི་གྲས་ཀྱི་གཅན་གཟན་ཞིག་ཡིན། ད་ལྟ་འཛམ་གླིང་ཧྲིལ་པོར་རྒྱལ་ཁབ་བཞི་མ་གཏོགས་མེད་ལ་གསའི་གྲངས་ཀ་ཧ་ཅང་ཉུང་། ཀྲུང་གོ་ནི་གསའ་ཆེས་མང་བའི་རྒྱལ་ཁབ་ཡིན་ཞིང་དེ་ལས་བོད་ཁུལ་དང་དེའི་ནང་ནས་ཀྱང་མིག་སྔར་གཉན་པོ་གཡུ་རྩེ་ནི་གསའ་འདུས་སྡོད་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། ། 

གཉན་པོ་གཡུ་རྩེ།

གཉན་པོ་གཡུ་རྩེ།

གཉན་པོ་གཡུ་རྩེ།

  • ལེ་ཚན་སྔོན་མ།:གསེར་མཚོའི་མཛེས་ལྗོངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།