ཁམས་རྟའུ་སྨུག་རོང་ཡུལ་གྱི་མཚོ་ལུང་མཚོ།

ཐུབ་བསྟན་དར་རྒྱས།        2014-04-29

ཁམས་རྟའུ་སྨུག་རོང་ཡུལ་གྱི་མཚོ་ལུང་མཚོ།

མཚོ་ལོང་མཚོ་ཞེས་བེེཌཱུརྱ་བཞུས་པའི་ཞུན་མར་བསྐྱིལ་པ་དང་འདྲ་བ་སྔོ་ལ་དྭངས་པ་ཡོད་ལ་མཐའ་འཁོར་ན་ཤུག་པ་དང་སྟག་མ་སི་རུ་དཀར་ནག་སོགས་ཤིང་སྣ་དུ་མས་བསྐོར་ཞིང་། བར་མཚམས་རྣམས་རྫ་སྤང་འདྲེས་མ་ལ་མེ་ཏོག་སྣ་མང་གིས་ཁྲ་ཚོམ་བཀོད་པ། རིའི་ངོ་ལ་སྟག་མ་མེ་ཏོག་དང་སི་རུའི་མེ་ཏོག་བཅས་ཁ་དོག་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བ་སྟེ་ཞིང་མཆོག་གང་དུ་བདུད་རྩིའི་རྫིང་བུའི་ཁར་བསླེབས་པ་ཡིན་ནམ་སྙམ་པའི་སྣང་བ་སྟེར། མཚོ་འདིའི་ཁྱད་ཆོས་གཙོ་བོ་ནི་ནང་དུ་སྲོག་ཆགས་སྣ་ཚོགས་ཡོད་ལ་ཁྱད་པར་དུ་མཚོ་གླང་ཡོད་པ་དེར་ས་གནས་ཀྱི་འབྲོག་པ་ཀུན་ཀྱིས་མངོན་སུམ་དུ་གྱུར་ཡོད། དེར་ཡོད་ཀྱི་འབྲོག་མི་ཁྱིམ་ཚང་མང་པོར་མཚོ་གླང་གི་བེའུ་ཡོད་པའི་གནས་ཚུལ་ཡང་མངོན་སུམ་ཡིན་པ་ལས་བཤད་སྲོལ་ཙམ་ག་ལ་ཡིན། སྨུག་རོང་འབྲོག་པ་སྙི་རུ་བ་ལའང་ལོ་ངོ་ལྔ་བཅུ་ཙམ་གྱི་སྔོན་ལ་མཚོ་གླང་གི་བེའུ་ཡོད་མྱོང་ཞེས་ཨ་ནེ་དཔལ་མོ་ནས་བཤད། དཔལ་མོ་ད་ལྟ་ལོ་བདུན་ཅུ་དོན་གསུམ་རེད། མཚོ་གླང་གི་སྤུ་མདོག་དམར་སེར་ཅན་ཡིན་པར་བཤད། གཞན་ཡང་ཆུ་སྲིན་དང་མཚོ་རྟ། ཆུ་འབྲུག་ཟེར་བ་སོགས་སྲོག་ཆགས་འདྲ་མིན་མཚོ་ཁ་ནས་མཚོ་ནང་དུ་འགྲོ་བའི་གནས་ཚུལ་མངོན་སུམ་དུ་མཐོང་མྱོང་མཁན་ ད་ལྟ་ལོ་ངོ་དོན་གཉིས་ལ་སོན་པའི་སྙི་རུ་འཕྲིན་ལས་དང་ད་ལྟ་ལོ་ངོ་དྲུག་ཅུ་ལྷག་ལོན་པའི་ཨ་རིག  ཚེ་འདས་རྦ་ཆེན་བླ་མ་འཆི་མེད་པ་སོགས་ཡོད། དེ་འདྲའི་ངོ་མཚར་བའི་རྟགས་འདྲ་མིན་དང་ལྡན་པའི་མཚོ་ཡོད་དོ། །

ཁམས་རྟའུ་སྨུག་རོང་ཡུལ་གྱི་མཚོ་ལུང་མཚོ།


  • ལེ་ཚན་སྔོན་མ།:མཚོ་སྔོན་པོ།
  • ལེ་ཚན་རྗེས་མ།:ཁམས་རྟའུ་སྨུག་རོང་ཡུལ་གྱི་རི་ཟོར་མཚོ།