ཀྲུང་གོ་བོད་ཀྱི་དྲ་བ། 2022-02-24
དུས་རབས༢༡པའི་ཚུན་དུ“ཞིང་གསུམ”བྱ་བར་ཐེངས༡༩པར་མཛུབ་སྟོན་གནང་བའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཚེས༢༢ཉིན་ཞིན་ཧྭ་གསར་འགྱུར་ཁང་ལ་དབང་བཅོལ་ནས་ཁྱབ་བསྒྲགས་བྱས་པ་རེད།
ཡིག་ཆ་འདིའི་ཁ་བྱང་ནི«ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས༢༠༢༢ལོར་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་བྱ་བའི་བསམ་འཆར»ཞེས་པ་ཡིན་ཞིང་། རྩོམ་ཡིག་ཆ་ཚང་ལ་བསྡོམས་པས་ཁག༨ཡོད་དེ། ནུས་ཤུགས་ཡོད་དགུས་འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གཙོ་བོའི་འདོན་སྤྲོད་ལ་དམ་འཛིན་བྱེད་པ་དང་དེང་རབས་ཞིང་ལས་ཀྱི་རྨང་གཞིའི་འདེགས་སྐྱོར་ལ་ཤུགས་སྣོན་པ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཚད་མཐའ་དམ་པོར་སྲུང་བ། ཐོན་ལས་ལ་དམིགས་ཏེ་གྲོང་སྡེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་སྡེ་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ། ཕན་འབྲས་འབུར་དུ་བཏོད་ནས་གྲོང་སྡེ་བཅོས་སྐྱོང་ལ་ལེགས་བཅོས་བྱེད་པ། སྲིད་ཇུས་འགན་སྲུང་དང་ལམ་ལུགས་གསར་གཏོད་བྱེད་ཤུགས་ཇེ་ཆེར་གཏོང་བ། ཏང་གིས“ཞིང་གསུམ”བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་ཤུགས་སྣོན་པ་བཅས་འདུས།
ཡིག་ཆ་ལས་མིག་སྔར་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་མཆེད་པ་དང་འཛམ་གླིང་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་ལ། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་འབུར་ཐོན་ཡིན་པས། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་སོ་སོ་ལྗིད་རྫོབ་ཆེ་ཞིང་དཀའ་ཚེགས་ལྡན་པ་ཡིན། ཏང་ཀྲུང་དབྱང་གིས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ལ་དལ་ལྷོད་ངང་ཁ་གཏད་འཇལ་ཏེ། དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་བདེ་ཐང་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་ལ། ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་གལ་ཆེན་ལ་དམིགས་ཏེ། ཞིང་ལས་ཀྱི་གཞི་རྩའི་དགོངས་གཞི་ཇེ་བརྟན་དུ་བཏང་ནས། “ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་དགོས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་རྒྱུད་མཐུད་ངང་སྐུལ་འདེད་བཏང་སྟེ། ཞིང་ལས་བརྟན་ཐོག་ཡར་འཕར་དང་། ཞིང་བའི་ཡོང་སྒོ་འཕར་སྣོན་འབྱུང་བ། ཞིང་སྡེ་བརྟན་བརླིང་ལྷིང་འཇགས་བཅས་ལ་ཁག་ཐེག་བྱེད་དགོས་པར་བསྟན།
ཡིག་ཆ་ལས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་འབྱུང་བའི་ཚད་མཐའ་གཉིས་དམ་པོར་སྲུང་ནས། ལོ་འཁོར་རང་བཞིན་གྱི་ལས་འགན་དང་དམིགས་གཏད་རང་བཞིན་གྱི་བྱེད་ཐབས། དངོས་ཕན་རང་བཞིན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པ་དང་། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གྲོང་སྡེ་འཕེལ་རྒྱས་དང་གྲོང་སྡེ་འཛུགས་སྐྲུན། གྲོང་སྡེ་བཅོས་སྐྱོང་བཅོས་ཀྱི་བྱ་བ་ཏན་ཏིག་དང་གོ་རིམ་ལྡན་པར་ལེགས་པོར་སྒྲུབ་དགོས་པ་བཏོན།
ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། བརྟན་བརླིང་ཨང་དང་པོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་བྱ་བར་ནན་ཏན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཤིང་། རྒྱུན་སྲོལ་ལས་བརྒལ་བའི་ནུས་ཤུགས་ཆེན་པོ་དང་ལག་བསྟར་བྱེད་ཤུགས་ཆེན་པོར་བརྟེན་ནས། ཆད་ལུས་མེད་པའི་སྒོ་ནས་ད་ལོའི“ཞིང་གསུམ”གྱི་བྱ་བ་སོ་སོ་ལེགས་འགྲུབ་བྱེད་དགོས་ཤིང་། གྲོང་གསེབ་དར་སྤེལ་འཕེལ་རྒྱས་གསར་བ་འབྱུང་བ་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་གོམ་སྟབས་གསར་བ་སྤོ་བར་སྐུལ་འདེད་གཏོང་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10