2022-02-24
ཚེས21ཉིན་ལ། དཀར་མཛེས་ཁུལ་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་སྤྱི་བསྒྲགས་ཨང18པ་འགྲེམས་སྤེལ་བྱས་པ་སྟེ། ནང་དོན་ཆ་ཚང་གཤམ་གསལ་ལྟར།
དཀར་མཛེས་ཁུལ་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས།
(ཨང18པ།)
ད་ཆ་རྒྱལ་ཕྱིའི་རིམས་ཚུལ་ཁྱབ་མཆེད་མུ་མཐུད་དེ་འགྲོ་བཞིན་ཡོད་པ་དང་། རྒྱལ་ནང་གི་ས་གནས་མང་པོར་རིམས་ཚུལ་ཐ་ཐོར་རམ་གཅིག་འདུས་ཅན་དུ་བྱུང་དང་འབྱུང་བཞིན་ཡོད་ལ། རང་རེའི་ཞིང་ཆེན་ལ་ཡང་ས་གནས་རང་ནས་རིམས་ཚུལ་བྱུང་ཡོད།རང་ཁུལ་ལ་མཚོན་ན་ཏག་ཏག་མི་ཚོ་ལས་གནས་དང་ལས་ཡུལ། སློབ་གྲྭ་བཅས་སུ་ཕྱིར་ལོག་པ་དང་དེ་བཞིན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་སྤེལ།ཚོང་ལས་བསྐྱར་གཉེར་བཅས་ཀྱི་དུས་སུ་ཁེལ་ཡོད་ལ།མི་སྣ་འཁོར་རྒྱུག་མང་བས་རིམས་ཚུལ་འབྱུང་བའི་ཉེན་ཁ་ཆེན་པོ་ཡིན་པ་རེད། ཕྱི་ནས་རིམས་ནད་ཡོང་བ་འགོག་སྲུང་དང་ནང་ནས་རིམས་ཚུལ་བསྐྱར་དུ་མི་ལོག་པའི་འགོག་སྲུང་ར་བ་བརྟན་པོ་བཟོ་བ་དང་། རིམས་ཚུལ་འགོག་ཟོན་གྱི་གྲུབ་འབྲས་སྲ་བརྟན་རྒྱུན་མཐུད་གཏོང་བའི་ཆེད་དུ།ད་ལྟ་ད་སྔའི་རིམས་ཚུལ་འགོག་ཟོན་ལས་ཀ་ཡག་པོ་སྒྲུབ་པའི་ཆེད་སྤྱི་བསྒྲགས་སྤེལ་བ་གཤམ་ལྟར།
གཅིག། མི་སྣ་འཁོར་རྒྱུག་དོ་དམ་ནན་པོ་བྱ་དགོས། རང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་དགོས་གལ་མེད་ན་ཁུལ་ནས་ཕྱི་ལ་མི་འགྲོ་བ་དང་རྒྱལ་མཚམས་བརྒལ་ནས་མི་འགྲོ་བ། ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དང་ཉེན་ཁ་མི་མངོན་པའི་ས་ཆར་འགྲོ་རྒྱུ་མེད།ཕྱི་ལ་ངེས་པར་དུ་འགྲོ་དགོས་མཁན་ཚོ་ཡིན་ན། ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོ་ཡིས་སྔོན་ལ་དེ་གའི་སྡེ་ཚན་དང་ལས་ཁུངས་ལ་སྙན་ཐོ་བཀོད་ནས་ཆོག་མཆན་འཐོབ་དགོས།གྲོང་ཡུལ་གཞིས་མི་ཡིན་ན་དེ་གའི་གྲོང་སྡེ་དང་སྤྱི་ཁུལ་ལ་སྙན་ཐོ་འགོད་དགོས།ད་རུང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དང་དེ་བཞིན་དེ་གའི་རྫོང་དང་གྲོང་ཁྱེར། ཆུས།སྡེ་བཅས་སུ་ཡོད་པའི་མི་སྣ་རང་ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་གྱི་འགྲོ་སྐྱོད་ལ་ཚོད་འཛིན་ནན་པོ་བྱ་རྒྱུ་རེད།
གཉིས། མི་སྒེར་གྱི་རིམས་འགོག་འོས་འགན་སྒྲུབ་ཤུགས་ཆེ་རུ་གཏང་དགོས། རང་ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་ཚང་མས་དེ་མ་ཐག་དེ་གའི་གྲོང་སྡེ་དང་སྤྱི་ཁུལ།སྡེ་ཚན།དེ་བཞིན་སྡོད་སའི་འགྲུལ་ཁང་བཅས་ལ་མི་སྒེར་གྱི་འགྲོ་སྐྱོད་དང་བདེ་ཐང་གནས་ཚུལ་བདེན་པ་བཤད་དགོས་ལ།རང་ཁུལ་དུ་འབྱོར་རྗེས་ཆུ་ཚོད24ཡི་ནང་ཚུད་དུ་ཐག་ཉེ་སར་ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་བྱ་དགོས་པར་མ་ཟད།མ་བསྐུལ་དང་ལེན་གྱིས་རིགས་བགོས་དོ་དམ་བྱེད་ཐབས་དོན་འཁྱོལ་བྱེད་པར་རམ་འདེགས་བྱ་དགོས།སྤྱི་པའི་མི་མང་འཛོམས་སར་འགྲོ་འོང་བྱེད་པ་དང་།སྤྱི་པའི་འགྲུལ་འགྲིལ་ཡོ་བྱད་དུ་སྡོད་དུས་ངེས་པར་དུ་བདེ་ཐང་ཨང་རྟགས་བཤེར་བ་དང་ཁ་ཤུབས་སྐོན་པ་སོགས་རང་སྲུང་བྱེད་ཐབས་ཡག་པོ་བསྒྲུབ་དགོས། རང་གིས་ཚགས་བཤེར་དང་བདེ་ཐང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་སྟེ། དཔེར་ན་ཚ་བ་དང་ལུ་བ་རྒྱག་པ་སོགས་ནད་རྟགས་རྒྱུུན་ལྡན་མིན་པ་བྱུང་བའི་སྐབས་སུ།ངེས་པར་དུ་རང་སྲུང་བྱེད་ཐབས་ཡག་པོ་སྒྲུབ་པ་དང་ཆབས་ཅིག་དུས་ཐོག་སྨན་བཅོས་ཚད་དང་ལྡན་པ་བྱེད་སར་འགྲོ་དགོས།ཆ་རྐྱེན་འཛོམས་པ་དང་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ད་རུང་རྒྱག་མེད་མཁན་ཡིན་ན།ངེས་པར་དུ་མ་སྐུལ་དང་ལེན་གྱིས་སྔ་ཚེ་ནས་རིམས་འགོག་སྨན་ཁབ་རྒྱག་ཚར་བ་བྱ་དགོས།
གསུམ། རིགས་བགོས་ཏེ་དོ་དམ་ཚོད་འཛིན་གནད་ལ་སྨིན་པ་བྱ་དགོས། ཉིན14ནང་ཚུད་དུ་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་འགྲུལ་སྡོད་བྱས་མྱོང་མཁན་རང་ཁུལ་དུ་འོང་བ་དང་ཕྱིར་ལོག་པ་ཡིན་ན། ངེས་པར་དུ་ཆུ་ཚོད24ཡི་ནང་ཚུད་ཀྱི་ཉིང་སྐྱུར་བཤེར་འཇལ་གྱི་ནད་དུག་མེད་པའི་དཔང་འཛིན་མཁོ་འདོན་བྱ་དགོས་པ་དང་། རང་ཁུལ་དུ་བསླེབས་རྗེས་གཅིག་སྡུད་ཀྱིས་ལོགས་བཀར་དོ་དམ་བྱེད་པ་དང་ཆབས་ཅིག། ཉིན3རེའི་ནང་དུ་ཉིང་སྐྱུར་བཤེར་འཇལ་ཐེངས་རེ་བྱས་ཏེ་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཡོང་སྟེ་ཉིན14མ་སོང་བའི་བར་དུ་བྱ་དགོས།
ཉིན14ནང་ཚུད་དུ་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་རྫོང་དང་གྲོང་ཁྱེར། ཆུས། སྡེ་བཅས་སུ་འགྲུལ་སྡོད་བྱས་མྱོང་མཁན་རང་ཁུལ་དུ་འོང་བ་དང་ཕྱིར་ལོག་པ་ཡིན་ན། ངེས་པར་དུ་ཆུ་ཚོད24ཡི་ནང་ཚུད་ཀྱི་ཉིང་སྐྱུར་བཤེར་འཇལ་གྱི་ནད་དུག་མེད་པའི་དཔང་འཛིན་དང་བདེ་ཐང་ཨང་རྟགས་སྔོན་པོ་མཁོ་འདོན་བྱ་དགོས་པ་དང་།རང་ཁུལ་དུ་བསླེབས་རྗེས་ཉིན3རེའི་ནང་དུ་ཉིང་སྐྱུར་བཤེར་འཇལ་ཐེངས2རེ(བར་ཡུན་དུས་ཚོད24ཡིན།)བྱས་ཏེ་རང་ཁྱིམ་དུ་ལོགས་སུ་བསྡད་ནས་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཡོང་སྟེ་ཉིན7མ་སོང་བའི་བར་དུ་བྱ་དགོས།
ཉིན14ནང་ཚུད་དུ་ས་གནས་དེ་ག་ནས་རིམས་ཚུལ་ཐོན་ཡོད་པའི་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་དུ་འགྲུལ་སྡོད་བྱས་མྱོང་མཁན་རང་ཁུལ་དུ་འོང་བ་དང་ཕྱིར་ལོག་པ་ཡིན་ན། ངེས་པར་དུ་ཆུ་ཚོད24ཡི་ནང་ཚུད་ཀྱི་ཉིང་སྐྱུར་བཤེར་འཇལ་གྱི་ནད་དུག་མེད་པའི་དཔང་འཛིན་དང་བདེ་ཐང་ཨང་རྟགས་སྔོན་པོ་མཁོ་འདོན་བྱ་དགོས་པར་མ་ཟད།རང་ཁུལ་དུ་བསླེབས་རྗེས་ཀྱི་ཆུ་ཚོད24ཡི་ནང་ཚུད་དུ་ཉིང་སྐྱུར་བཤེར་འཇལ་བྱས་རྗེས་མཇུག་འབྲས་ནད་དུག་མེད་པ་ཡིན་ན་གཞི་ནས་འགྲོ་སྐྱོད་བྱེད་ཆོག།
བདེ་ཐང་ཨང་རྟགས་དམར་པོ་ཡིན་མཁན་རང་ཁུལ་དུ་འོང་བ་དང་ཕྱིར་ལོག་པ་ཡིན་ན།ངེས་པར་དུ་ཉིན14ལ་གཅིག་སྡུད་ལོགས་བཀར་བྱེད་པའི་ཐོག་ལོགས་བཀར་གྱི་ཉིན་མོ་ནས་བཟུང་སྟེ་ཉིན་རེ་བརྒལ་དུས་ཉིང་སྐྱུར་བཤེར་འཇལ་ཐེངས་རེ་བྱ་དགོས།བདེ་ཐང་ཨང་རྟགས་དམར་པོ་ཡིན་མཁན་གྱི་མི་དང་འབྲེལ་འདྲིས་ཡོད་མཁན་ཡིན་ན་ཉིན7ལ་གཅིག་སྡུད་ལོགས་བཀར་བྱེད་པའི་ཐོག།ཉིན་དང་པོ་དང་བཞི་པ། བདུན་པ་བཅས་ལ་ཉིང་སྐྱུར་བཤེར་འཇལ་ཐེངས་རེ་བྱ་དགོས་པ་དང་།དེའི་ནང་གི་ཉིན་བདུན་པ་ལ་སྣ་དང་གྲེ་བ་ནས་ཉིས་ལེན་ཉིས་བཤེར་བྱ་དགོས།
བདེ་ཐང་ཨང་རྟགས་སེར་པོ་ཡིན་མཁན་རང་ཁུལ་དུ་འོང་བ་དང་ཕྱིར་ལོག་པ་ཡིན་ན།འགྲོ་སྐྱོད་བཀག་སྡོམ་བྱས་ཏེ་ཉིན་གསུམ་ལ་ཉིང་སྐྱུང་བཤེར་འཇལ་ཐེངས་གཉིས་བྱས་རྗེས།མཇུག་འབྲས་ནད་དུག་མེད་པ་ཡིན་ན་གཅིག་སྡུད་དང་ཡང་ན་རང་ཁྱིམ་དུ་ཉིན7ལོགས་སུ་བཀར་དགོས།
འགྲོ་སྐྱོད་བྱང་བུའི་ཐོག་ཏུ་སྐར་རྟགས་ཡོད་མཁན་གྱི་མི་སྣས་ཆུ་ཚོད24ཡི་ནང་ཚུད་ཀྱི་ཉིང་སྐྱུར་བཤེར་འཇལ་གྱི་ནད་དུག་མེད་པའི་དཔང་འཛིན་དང་བདེ་ཐང་ཨང་རྟགས་སྔོན་པོ་འཁུར་ཡོང་དགོས་པར་མ་ཟད།རང་ཁུལ་དུ་བསླེབས་རྗེས་ཆུ་ཚོད24ཡི་ནང་ཚུད་དུ་ཉིང་སྐྱུར་བཤེར་འཇལ་བྱས་ནས་མཇུག་འབྲས་ནད་དུག་མེད་པ་ཡིན་ན་གཞི་ནས་འགྲོ་སྐྱོད་བྱེད་ཆོག།
གོང་གི་མི་སྣ་ཚོ་ལ་རང་ཁྱིམ་དུ་ལོགས་སུ་བཀར་བའི་དོ་དམ་བྱེད་ཐབས་སྤྱད་མ་ཐུབ་པའི་ཚེ་གཅིག་སྡུད་ལོགས་བཀར་དོ་དམ་བྱ་དགོས།
བཞི། འདུ་འཛོམས་བྱེད་སྒོ་དོ་དམ་ཚོད་འཛིན་ནན་པོ་བྱ་དགོས། དགོས་གལ་མེད་ན་མི་གཉེར་བ་དང་།སུས་གཉེར་ན་སུས་འགན་ཁུར་བའི་རྩ་དོན་ལྟར། གནས་སྐབས་སུ་དགའ་སྟོན་རྟེན་འབྲེལ་དང་།རིག་རྩལ་འཁྲབ་སྟོན། འགྲེམས་ཚོང་བྲིན་ཚོང་། དམངས་སྲོལ་བྱེད་སྒོ། ཆོས་ལུགས་བྱེད་སྒོ་བཅས་མཚམས་འཇོག་པ་དང་།གཉེན་སྟོན་ཕྱིར་འགྱངས་གཏོང་བ་དང་ཤི་ཆོས་སྟབས་བདེར་བྱེད་པ།གསོལ་སྟོན་གཉེར་རྒྱུ་མེད། དྲྭ་ཕྱི་ནས་ཚོགས་འདུ་དང་གསོ་སྦྱོང་། རིག་རྩལ་འཁྲབ་སྟོན།ལུས་རྩལ་འགྲན་སྡུར་སོགས་ཀྱི་བྱེད་སྒོ་གཞི་ཁྱོན་ཆེ་བ་གནས་སྐབས་མི་གཉེར་བ་དང་། འདུ་རུབ་དང་འདུ་འཛོམས། གསོལ་སྟོན་བཅས་མི་བྱེད་པ།འགྲོ་འོང་ཉུང་དུ་གཏོང་བ། ཕྱི་རོལ་དུ་ཟས་མགྲོན་མི་བཤམ་དང་ཁྱིམ་ཚང་དུ་ཟས་མཉམ་ཟ་བྱེད་ཚེ་མི10ལས་བརྒལ་མི་ཆོག།
ལྔ། འདུ་ར་གལ་ཆེན་གྱི་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏང་དགོས། གནམ་ཐང་དང་རླངས་འཁོར་འབབ་ཚུགས།ཚོང་ར་དང་སྒོ་རྩིས་ཚོང་ཁང་། ཞིང་ཚོང་ཁྲོམ་ར། ལྗོངས་ཁུལ་དང་ལྗོངས་གནས།མགྲོན་ཁང་དང་འགྲུལ་ཁང་། གནས་ཚང་། རོལ་རྩེད་བྱེད་ས། མཱ་ཅང་ཁང་། ཤོག་སྦག་ཁང་།འབྲེལ་དྲྭའི་དྲྭ་ཁང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས།སློབ་གྲྭ། རྒན་གསོ་ཁང་། བྱིས་པའི་ཕན་བདེ་ཁང་། དངོས་མང་བཤམ་སྟོན་ཁང་། བཙོན་ཁང་།ཆོས་ལུགས་བྱེད་སྒོ་སྤེལ་ས། ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན།ལས་ཡུལ་དང་བཟོ་གྲྭ་གཏེར་ས་འདུ་ར་གལ་ཆེན་སོགས་ལ།ངེས་པར་དུ་ཁ་ཤུབས་སྐོན་པ་དང་ལུས་དྲོད་བརྟག་པ། བདེ་ཐང་ཨང་རྟགས་བཤེར་ཞིང་སྟོན་པ།ནམ་རྒྱུན་གཙང་སྦྲ་ཡག་པོ་བྱེད་པ། མཁའ་རླུང་ཡངས་ཤིང་དུག་སེལ་བ་སོགས་ཀྱི་བྱེད་ཐབས་ལག་ལེན་ནན་པོ་བྱ་དགོས།
དྲུག། ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་བྱ་དགོས། རིམས་ཚུལ་འགོག་ཟོན་གྱི་བྱེད་པོའི་འགན་འཁྲི་ཡག་པོ་མི་འཁུར་བ་དང་། འགོག་ཟོན་གྱི་བྱེད་ཐབས་དོན་ཐོག་ཏུ་མི་འཁྱོལ་བ།འགོག་ཟོན་གྱི་བླང་བྱ་ནན་པོ་མ་ཡིན་པ་བཅས་ཀྱི་ལས་ཁུངས་དང་། ཆ་འཕྲིན་གསང་བ་དང་ཤེས་བཞིན་དུ་མི་ཞུ་བ། བླང་བྱ་ལྟར་སྙན་ཐོ་མི་འགོད་པ་དང་།ཡང་ན་ལོགས་བཀར་སྨན་རིག་བརྟག་ཞིབ་སོགས་དང་ལེན་མི་བྱེད་པའི་མི་སྒེར་ལ“སུའི་མི་ཡིན་ན་དེས་འགན་འཁུར་དགོས་པ”དང་།“སུས་ཚོད་འཛིན་མི་ཐུབ་ན་དེར་འགན་འཁྲི་བདའ་འདེད་གཏོང་བ”དང་།“སུས་སྐུང་ཞུ་བྱས་པ་ཡིན་ན་དེར་འགན་འཁྲི་བདའ་འདེད་གཏོང་བ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་བྱ་རྒྱུ།
སྤྱི་བསྒྲགས་འདི་འགྲེམས་སྤེལ་བྱས་པའི་ཉིན་མོ་ནས་ལག་ལེན་བསྟར་རྒྱུ།
དཀར་མཛེས་ཁུལ་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ནས།
2022ལོའི་ཟླ་བ2པའི་ཚེས21ཉིན་ལ།
རྩོམ་གསར། 10