ལམ་གྱིས་གནང་བའི་ཚོར་བའི་ཟེགས་མ།

ཧ་ཤུལ་ཀརྨ་ཆོས་མཁས། ལན་བུ་ཅན།        2022-02-23

རྐང་རྗེས་གྲངས་མེད་ཅིག་ལམ་གྱི་ལེའུ་རུ་ག་ལེར་བཞག་ཡོད། ནམ་ཞིག་ངས་མི་ཚེ་འདིར་ཕྱིར་མིག་ལན་གཅིག་འཕེན་དུས། ལམ་བུ་དེའི་སྟེང་དུ་ངའི་རྐང་རྗེས་ཅི་ཙམ་མངོན་ནམ།ཉིན་མཚན་གྱི་འཁོར་བགྲོད་བར་དུ་ལམ་གྱི་ལེའུ་རེ་རེ་ལ་རྐང་པའི་དམར་རྗེན་གྲངས་ལས་འདས་པ་ཞིག་བཀོད་ཅིང་།བསུབ་ཐབས་བྲལ་བའི་རྐང་རྗེས་རེ་རེའི་མཛེས་རིས་རེ་ལ།བགྲང་གིས་མི་ལང་བའི་རྔུལ་ཆུ་དང་གཞལ་བར་དཀའ་བའི་ཡིད་ཀྱི་དུངས་བའི་མཚོ་མོ་ཞིག་འཁྱིལ་ཡོད་དམ།

སྐྱེ་འཆི་གཉིས་ལྡོག་ཐབས་བྲལ་ཡང་།མི་ཚེའི་ལམ་བུ་ནི་ཁྱོད་ལ་དབང་བའི་རྒྱང་བཞུད་ཀྱི་རྒྱགས་རྩམ་ཡིན།ལམ་གྱི་ལེའུ་རེ་རེའི་ཟློས་གར་ཁྲོད་དུ།རྫོགས་མཐའ་བྲལ་བའི་ལམ་གྱི་དབུ་ཁྱུད་རེ་རེ་བྲི་དགོས་ལ།བཟོད་ཐབས་བྲལ་བའི་ལམ་གྱི་རྫོགས་ཚིག་སྣ་ཚོགས་བཀོད་པ་ནི་ཆོས་ཉིད་ལགས།མ་གཞི་ལམ་ནི་མི་ཚེའི་ཁ་དོག་མཚོན་པའི་མཛེས་རིས་ཤིག་ཡིན་པ་དང་།ལམ་ལ་ལེའུ་མང་བ་ནི་ལམ་གྱི་ཆོས་ཉིད་ཡིན་པས་ན།ཁྱོད་རང་ལམ་གྱི་དཀྱོག་མཚམས་རེ་རེ་ལ་སླེབས་དུས།སེམས་པ་ནང་ལ་འཁོར་ནས་རང་ཉིད་ལ་ཆེས་ཡིད་ཁར་འོང་བའི་ལམ་གྱི་ལེའུ་རེ་རེ་གཏོད་དགོས།

ངོ་མ་རེད་ཨང་། ཟང་ཟིང་གི་འཇིག་རྟེན་འདིའི་གྲོང་གསེབ་རེ་རེ་ནས་རྫོགས་མེད་ཀྱི་ལམ་བུ་གང་མང་བརྒྱུད་དེ།མངར་སྐྱུར་འདྲེས་མའི་འགྲུལ་བཞུད་ཀྱི་རྔུལ་ཆུའི་ཐིགས་པ་རེ་རེ་ལམ་དུ་བཀོད་ཞོར། ངལ་མེད་ཀྱིས་ལམ་དུ་སྐྱོད་དང་།ལམ་གྱི་ལང་ཚོ་ལ་མེ་ཏོག་བཞད་ངེས་ཤིང་ལམ་གྱི་རི་མོ་ལ་གཟི་བྱིན་འཕྲོ་ངེས།

འཇིག་རྟེན་གྱི་མི་རྣམས་ཀྱིས་ལམ་ལ་དཀར་ནག་གཉིས་སུ་ཕྱེས་ཏེ་གདམ་ག་བྱེད་སྲོལ་ཡོད་ཅིང་།ངས་ལམ་གྱི་སྙིང་པོ་ཞེས་ལམ་ལ་གཏན་ཚིགས་བཀོད་པ་ཡིན།མི་ཚེ་ནི་མུ་མཐུད་དེ་འཁོར་བ་གྲངས་མེད་ཅིག་འཁོར་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་དུ་གྲུབ་པས།ང་ནི་གངས་འདབས་ཀྱི་ཆུ་ཡི་ཐིགས་པ་གཅིག་དང་ཡངས་པའི་རྩྭ་ཐང་སྟེང་གི་འབྲོག་པ་ཁེར་ལུས་གཅིག་ཡིན་པས།ད་ནི་ལམ་གྱི་སྙིང་པོ་ལ་བསམ་གཞིག་བྱེད་རན་ཡོད་ཨང་།ཡང་གཅིག་ཟེར་ན།ལམ་གྱི་འགྲུལ་བཞུད་རེ་རེ་ནི་ལམ་གྱི་ཡང་སྙིང་རྡོག་པོ་དེ་ཡིན་པ་འདྲ་ལ།ལམ་གྱི་རྐང་རྗེས་རེ་རེ་ནི་ཡང་སྙིང་དེའི་དཔང་རྟགས་ལོས་ཡིན་བསམ།

ང་ཁ་སང་ལམ་ལ་ཆས་དུས་ལམ་གྱི་ལྐོག་ཏུ་སྦས་པའི་མཚར་སྡུག་རེ་རེས་གཡབ་མོ་བྱས་ཤིང་།ང་དེ་རིང་ལམ་དུ་ཡོད་དུས་ལམ་གྱི་རི་མོ་རྔུལ་ཆུའི་ཐིགས་པས་འབྲི་བཞིན་ཡོད།ང་སང་ཉིན་ལམ་དུ་ཆས་དུས་ལམ་གྱི་སྙིང་པོ་ཞེས་པའི་ཐ་སྙད་མག་མོག་འདིས་ཅི་ཙམ་བསླུ་གྲབས་ཡོད་དམ།ལམ་ཨ་ལམ། ལམ་གྱི་ཀྱག་ཀྱོག།ལམ་གྱི་མཚར་སྡུག།ལམ་གྱི་དགའ་སྐྱོ།ལམ་གྱི་སྙིང་པོ།

ཨེ་མ།ལམ་གྱི་སྙིང་པོ་འཚོལ་བར་བྲེལ་བའི་མི་བུ་རེ་རེ་ནི། སྤོབས་སེམས་མཁའ་རུ་བཏེགས་པའི་གཡུ་འབྲུག་གི་ངར་སྐད་དང་མཚུངས་ལ། ལམ་གྱི་གཟི་འོད་ལ་འཁྱུད་པའི་བརྒྱ་བྱིན་གྱི་གཞུ་མཆོག་དང་མཚུངས། སྐྱེ་བ་ནི་འཆི་བའི་ལམ་ལ་ཆས་པ་ཡིན་ཞིང་།འཆི་བ་ནི་སྐྱེ་བའི་ལམ་དུ་ཆས་པ་གཞི་གྲུབ་ཡིན།སྐབས་འདིར་ངའི་བསམ་པའི་གཏིང་རིམ་དུ་དྲིན་ཆེན་ཡབ་ཡུམ་རྣམ་གཉིས་ཀྱིས་བྲིས་པའི་བག་ཆགས་ཤིག་གམ་ང་ལ་བཞག་པའི་རིན་ཐང་གི་ལྟ་བ་དེ་གསལ་ལེར་འཆར་ཡོང་། ཁོང་རྣམ་གཉིས་ཀྱིས་གསུངས་པར། ངེད་གཉིས་ཀྱིས་འཆི་བའི་ལྟོ་ཆས་སྟ་གོན་བྱེད་དགོས།མི་ཚེ་འདིའི་འགྲོ་ཁ་ནི་ལམ་ལ་ཆས་སྟངས་ཤིག་དང་།མི་ཚེ་འདིའི་མཇུག་དབྱངས་ལམ་ལ་ཕུལ་སྟངས་ཤིག་ཀྱང་ཡིན་ཟེར།ཁྱེད་ཚོས་འཇིག་རྟེན་གྱི་ཡང་སྙིང་འཚོལ་བར་བྲེལ་དགོས།འདི་ནི་འཇིག་རྟེན་འདིར་འདུག་པའི་ལམ་ལ་ཆས་སྟངས་ཡག་ཤོས་ཤིག་དང་།འཇིག་རྟེན་འདིར་ཕུལ་བའི་གསོལ་རས་ཀྱི་དྭངས་མ་ཡིན་ཟེར།

མི་རྣམས་ནམ་ཡང་ལམ་ལ་ཆས་བཞིན་ཡོད།ལམ་ལ་ཆས་ཚུལ་གཏན་ནས་མི་འདྲ་སྟེ།ལ་ལ་ལམ་ལ་ཆས་པ་ནི་རྒྱབ་ཀྱི་གོས་དང་མདུན་གྱི་ལྟོ་ཡི་དོན་ཁོ་ནའི་ཆེད་ཡིན།འོན་ཀྱང་དེ་དག་ལ་མཐོང་ཆུང་མི་བྱ་བ་ནི་ལམ་གྱི་བསླབ་བྱ་ཡིན་འོས་ཤིང་ལམ་ལ་བཟུང་བའི་མ་མཐའི་བརྩི་བཀུར་ཡང་ཡིན་ངེས།རྒྱུ་མཚན་གང་ཞེ་ན།འདི་དག་གིས་འཇིག་རྟེན་འདིར་གཅེས་པས་ཚེ་སྲོག་གི་རྒྱུན་སྲིང་ཞིང་ལམ་གྱི་ཡང་སྙིང་འཚོལ་བའི་ཕྱིར་རོ།།

ལ་ལ་ལམ་དུ་ཆས་པ་ནི་ཕུགས་བསམ་ཞེས་པའི་སེམས་པ་ལ་གཤོག་པ་ཐོགས་སུ་བཅུག་ཅིང་།རྒྱང་རིང་རྒྱང་རིང་དུ་བཞེངས་པའི་དག་ཞིང་དེའི་ཆེད་དུ་ཡིན།འོན་ཀྱང་དེ་དག་ལ་ཁ་ཕོ་མཐོ་སོང་ཞེས་སུན་སྣང་མི་བྱེད་པ་ནི་ལམ་གྱི་གནང་སྦྱིན་ཡིན་དགོས་ལ།ལམ་ལ་ཕུལ་བའི་མཆོད་པ་ཡང་དག་ཅིག་ཀྱང་ཡིན། དེའི་རྒྱུ་མཚན་གང་ཞེས་དྲིས་ན།འདི་དག་གིས་ཚེ་སྲོག་ལ་གཅེས་པས་ཚེ་སྲོག་གི་སྦས་ནུས་ཕྱི་རུ་འདོན་ཞིང་།མི་ཡུལ་འདིར་ཚེ་སྲོག་གི་བཀྲག་མདངས་མངོན་ཕྱིར་ཏེ།འདི་ལའང་ལམ་གྱི་ཡང་སྙིང་ཞེས་བརྗོད་ཆོག་པས་སོ།།

ལ་ལ་ལམ་ལ་ཆས་པ་ནི་ཚེ་ཕྱི་མ་ཞེས་པའི་རྒྱང་རིང་ལས་ཀྱང་རྒྱང་རིང་དེའི་ཕ་རོལ་དུ་ལྷང་ངེར་བཞེངས་པའི་ཚེ་རབས་ཕྱི་མ་དེའི་ཆེད་དུ་ཡིན། འོན་ཀྱང་དེ་དག་ལ་མི་ཡུལ་གྱི་སྨྱོན་པ་ཞེས་མཚན་ཉིད་མི་འཇོག་པ་ནི་ལམ་གྱིས་གནང་བའི་རྒྱང་རིང་གི་རྒྱང་རིང་དང་།ལམ་ལ་དད་པའི་ཕྱི་མོ་དེའང་ཡིན་ཨང་།དེ་ཡི་རྒྱུ་མཚན་གང་ལགས་ཤེ་ན།མི་འདི་དག་གིས་ཚེ་སྲོག་གི་ཆུ་རྒྱུན་ལ་ཆད་པ་མེད་པའི་ཡིད་ཆེས་རྙེད་པས་འཇིག་རྟེན་འདིའི་ཆོས་བརྒྱད་རྒྱབ་ཏུ་གཡུགས་ཤིང་།འཇིག་རྟེན་ལས་འདས་པའི་ལམ་གྱི་ཡང་སྙིང་གཞན་ཞིག་འཚོལ་བཞིན་ཡོད། འདི་ནི་ལམ་གྱི་ལེའུ་རེ་རེའི་ལོ་ཟླ་ཡིས་གནང་བའི་ལེགས་བཤད་ཅིག་གམ།འཇིག་རྟེན་འདིས་གནང་བའི་ལམ་གྱི་ཡང་སྙིང་འཇིག་རྟེན་ཕ་རོལ་དུ་བསྲིངས་པའི་ཐབས་མཆོག་ཅིག་སྟེ།འདི་ལའང་ལམ་གྱི་ཡང་སྙིང་ཞེས་འབོད་ཆོག་པས་སོ།།

༡༠

ལམ་ལ་ཆས་དུས་ཁ་ཤས་ཤིག་གིས་རང་ཉིད་ཀྱི་རང་གཤིས་རིམ་བཞིན་བོར་འགྲོ་བས་མ་ཤི་བར་དུ་རྟོགས་མི་ཐུབ་ཟེར་ལ།འགའ་ཤས་རྒྱུ་རྐྱེན་ཕྲན་བུ་ཞིག་གིས་རྐྱེན་བྱས་ཏེ་སྐབས་ཐོག་ཏུ་ཚོར་སྲིད་པའང་ཡོད་སྐད་འདུག།འགའ་ཤས་ལམ་ལ་ཆས་པས་རྒྱང་རིང་རྒྱང་རིང་དེ་རུ་རིམ་བཞིན་རང་ཉིད་ངོ་མ་ཞིག་འཚོལ་ཐུབ་ཅིང་དབང་པོ་ལྔའི་ཚོར་བ་ཇེ་རྣོ་ཡིན་པར་མ་ཟད།རྣམ་ཤེས་ལ་འོད་སྣང་འཕྲོས་ཏེ་འཚོ་བའི་གྲུ་ཟུར་ནས་འོད་ལམ་ལམ་དུ་འཚེར་བཞིན་ཡོད་སྐད་ཀྱང་འདུག།

༡༡

ལམ་དུ་ཆས་བཞིན་པའི་སྐྱེ་བོ་རེ་རེའི་སེམས་ཚོར་གསོན་པོ་དེ་རང་ཁོ་ནས་མྱོང་ཐུབ་པ་ལས་གཞན་གྱིས་རྟོགས་དཀའ།ལམ་ལ་ཆས་དུས་ངལ་བར་གྲངས་མེད་ཅིག་ཡོད་དམ་ཡང་ན་སྤྲོ་བ་ཚད་མེད་ཅིག་ཡོད།འབྲོག་ཕྲུག་ནོར་རྫི་ཞིག་གིས་རི་ལུང་ཐང་གསུམ་ནས་འུར་རྡོ་ལག་ཏུ་བཟུང་སྟེ་ནོར་ནག་འདང་ཆེན་དག་བོར་བས་བཙལ་བའི་དཀའ་ངལ་དང་།དཔེ་ཁུག་རྒྱབ་ཏུ་ཁུར་ཞིང་ཤེལ་མིག་ཆུང་ཆུང་ཞིག་བརྒྱབ་པའི་བྱིས་པས་རྒྱུགས་སྐར་ལ་འགྲན་པའི་འཇིགས་སྐྲག་དེ་དག་ཡིན་ནམ།དེ་མིན་ལོ་ནས་ལོ་དང་ཟླ་ནས་ཟླར་བརྩེགས་པའི་འབྲོག་ཕྲུག་ཅིག་གི་ཕལ་བའི་ལོ་ཟླ་དེ་ཚོ་ཡིན།དབུགས་ཀྱི་འབྱིན་རྔུབ་ཀྱང་ཉན་ཁོམ་མེད་པའི་གྲོང་གསེབ་ཀྱི་ཚ་ཚ་འུར་འུར་དེ་ཚོ་ཡིན་ནམ། ལོ་ཟླས་རྒྱབ་ནས་དེད་ཅིང་མུན་པ་མདུན་དུ་རུབ་པའི་ལས་དབང་དེ་ཡིན། ཡང་ན་ཅང་ཤེས་རྟ་ཕོ་ཞོན་ཏེ་མཐའ་མེད་པའི་རྩྭ་ཐང་སྟེང་ནས་རྫི་གླུ་དང་མཉམ་དུ་འགྲོགས་པའི་སྤྲོ་སྣང་དེ་ཡིན་ནམ། འཇའ་ཚོན་གྱི་གུར་ཁང་འོག་ཏུ་སྨུག་སིང་ངེར་ཆགས་པའི་སྦྲ་ཁྱིམ་ནང་གི་ལྷན་འཛོམས་ཀྱི་འཛུམ་ཆུང་དག་ཡིན། ཕ་ས་མ་མཚེར་སྙིང་ཁུང་དུ་རུམ་པའི་མི་རབས་དེ་ཚོའི་སྙིང་སྟོབས་ཡིན་ནམ། དབྱངས་གསལ་གྱི་ཐོག་མའི་གདངས་དབྱངས་ངག་ནས་གྱེར་ཞོར་ཤེས་རིག་གི་སྟེགས་བུར་སྙེག་པའི་སྤོབས་པ་ཡིན།

༡༢

ལམ་གྱི་སྒུལ་ཤུགས་དེའི་དབང་གིས་ལམ་གྱི་འགྲུལ་བཞུད་རེ་ལ་ཤུགས་ཀྱིས་འཇུག་དུས།ལམ་འགྲམ་དུ་བཞད་པའི་ལང་ཚོའི་མེ་ཏོག་གིས་ཡིད་དབང་འཕྲོག་ཅིང་།ལམ་རྒྱུད་དུ་གཞུར་བའི་ཆུ་བོ་ཡིས་ཡིད་སེམས་སིམ་པར་བྱས་ཤིང་ཚེ་སྲོག་གི་རེ་བ་མཐོང་བས་ལམ་ལ་ཡིད་ཆེས་ཀྱིས་ཁེངས།ལམ་གྱི་ཁུག་ཀྱོག་རེ་རེའི་གསེབ་ནས་ཡོང་བའི་གཅན་གཟན་དང་མིང་ཡང་མི་ཤེས་པའི་རི་དྭགས་རེ་རེས་འཇིགས་སྐྲག་སློང་ཞིང་རྒྱུས་མེད་ཀྱི་ས་དང་མི་དག་ལ་འཕྲད་དུས།ལམ་གྱི་སྣེ་མོ་ལྷ་འདྲེ་གང་གི་ཕྱོགས་སུ་འཐེན་པ་དོགས་པས་སོམ་ཉིའི་རྒྱ་མཚོ་ཡི་གཏིང་ཡང་དཔོག་མ་ནུས།སྐྱེ་བོ་ལ་ལས་ལམ་ལ་དུག་གསུམ་གྱི་ལོག་མཆོད་ཡང་ཡང་ཕུལ་བས་ལམ་གྱི་ལེའུ་རེ་རེར་རུལ་དྲི་ཡིས་ཁྱབ་ཏུ་བཅུག་པ་མཐོང་ཞིང་།ལམ་གྱི་སྐམ་ཚིག་ཤ་སྟག་གིས་བསླུས་པའི་མི་དེ་དག་དངོས་སུ་མཐོང་སྐབས་ལམ་གྱི་ཕྱི་ནང་གསང་གསུམ་བསླུ་བྲིད་ཀྱིས་ཁེངས་པ་ཚོར་ཏེ་ལམ་ལ་སུན་པའི་སྣང་བ་རླུང་ལ་བསྐུར་མྱོང་།

༡༣

ལམ་ལ་མཚར་སྡུག་དང་འཇིགས་སྣང་གིས་ཁེངས་པ་ནི་རྒྱུན་ལྡན་ཡིན་པ་བཞིན།ལམ་ལ་ཆས་པ་ནི་མི་ཚེ་ཡིན་ལ་མི་ཚེ་ལ་དགོས་པ་ནི་ལམ་ཡིན། ལམ་ལ་ཞུགས་པ་ནི་རྒྱང་རིང་གི་རྒྱང་རིང་དེའི་དོན་སྙིང་འཚོལ་ཕྱིར་ཡིན་ཞིང་།ལམ་གྱི་འགྲོ་རོགས་ནི་ཚེ་སྲོག་གི་ཆུ་རྒྱུན་ལ་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་ཚུལ་དུ་གནས་ཐུབ་དགོས།དེ་བས་ལམ་ལ་ཞུགས་དུས་ལམ་གྲོགས་དགོས་པ་སྨོས་མེད་ཡིན།ལམ་གྲོགས་ནི་འོད་ཟེར་བཞིན་ཤེས་རབ་ཀྱི་སྤྱན་ཟུང་ཐོགས་མཁན་ཞིག་དང་ཨ་མ་བཞིན་བྱམས་སེམས་ལྡན་མཁན་ཞིག་ཡིན་དགོས་ལ། ཁ་བ་དཀར་པོ་བཞིན་ཕྱི་གསལ་ནང་གསལ་ཞིག་དང་ཉི་ཟླའི་འཁོར་འགྲོས་བཞིན་སྨོན་འདུན་གཅིག་པ་ཅན་ཞིག་ལོས་ཡིན་དགོས། རི་རྒྱལ་ལྷུན་པོ་བཞིན་བརྟན་པོ་འགྱིང་མཁན་ཞིག་དང་གཙང་ཆབ་སྔོན་མོ་བཞིན་ཕྱི་ཐག་རིང་བ་ཞིག་ནི་ཅིས་ཀྱང་ཡིན་དགོས།

༡༤

ང་ལ་མཚོན་ན། ལམ་ལ་འཇུག་པ་ནི་མི་ཚེ་ཡི་འདུན་མ་ནོངས་འགྱོད་ཀྱི་རྒྱ་མཚོ་རུ་མི་ལྷུང་བའི་སྟ་གྲབས་ལེགས་ཤོས་དང་ཚེ་སྲོག་གི་ཉག་མ་ལམ་ལ་འཐིམ་པའི་བརྒྱུད་རིམ་ཞིག་ཡིན་ཞིང་།ལམ་གྱི་བདེན་པ་འཚོལ་བ་ནི་འཁོར་བའི་ཡང་སྙིང་ལ་ལག་ཟུང་གིས་རེག་པའི་ཐབས་ལམ་ཞིག་དང་ཚེ་སྲོག་གི་སྐྱེས་སུ་ཕུལ་བའི་མེ་ཏོག་རྐང་གཅིག་ཡིན། ངས་བཤད་འདོད་པ་ནི།ང་ཚོ་ལ་དབང་བའི་ལམ་ཡོད་པས་འཇིག་རྟེན་འདི་འདྲ་མཉམ་ཡིན།རང་ཉིད་ལ་བདག་པའི་ལམ་གྲོགས་ཡོད་པས་ང་ཚོ་ཁེར་རྐྱང་མིན།ལམ་གྱི་དོན་སྙིང་ཡོད་པས་ང་ཚོ་ཕྱུག་པོ་ཡིན།

༡༥

མི་ཚེ་ལ་ཚེ་རིང་རྣམ་དྲུག་གི་སྐྱེལ་མ་ཡོད་པས་ཐུང་ཐུང་མིན། མི་ཚེ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་སྨོན་འདུན་ཡོད་པས་དགེ་མཚན་གྱིས་ཕྱུག་ངེས། མི་ཚེ་ལ་ཀུན་སློང་གཙང་མའི་མཆོད་པ་ཡོད་པས་མི་ཡུལ་འདིར་བདེ་སྐྱིད་ཀྱི་མྱུ་གུ་འབུས་ངེས། དེ་ལས་ལམ་དུ་ཞུགས་ཏེ་ལམ་ཡིག་འཚོལ་དགོས་ལ། ལམ་ལ་ཞུགས་ཏེ་ལམ་མཐའ་ཟིན་དགོས།

མདོར་ན། ལམ་ནི་རང་ཉིད་ཀྱི་རིན་ཐང་དེ་ཡིན།


  • ལེ་ཚན་སྔོན་མ།:རྩོམ་པ་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།