དགེ་ལུང་དོན་ཉི། 2022-02-18
བོད་མི་རིགས་ནི་སྲོལ་རྒྱུན་རིག་གནས་ཀྱི་གཏིང་མཐུག་པོ་དང་ལོ་རྒྱུས་ཀྱི་རྒྱུན་ཐག་རིང་ཞིང་རིག་གཞུང་གི་འཐུས་སྒོ་ཚང་བ་དེང་གི་མཁས་པ་ཕལ་ཆེར་གྱིས་མགྲིན་གཅིག་ཡིན་ལ། མེས་པོ་སྐུ་དྲིན་ཅན་ཚོའི་དཔའ་སྤོབས་ཀྱིས་ང་ཚོ་ངོ་གནོང་མི་དགོས། ཡིན་ནའང་དེ་ནི་འདས་པའི་ལོ་རྒྱུས་ཏེ། “མཚར་སྡུག་འོད་སྟོང་ལྡན་པའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ།”ཞེས་རང་གྲོལ་གྱིས་གསུངས་པ་བཞིན། ད་ལྟའི་ས་མཚམས་ནི་དུས་རབས་ཉེར་གཅིག་སྟེ། རང་དབང་དང་འདྲ་མཉམ་དམངས་གཙོའི་དུས་རབས་ལགས་པས་བོད་ཀྱི་མི་རིགས་འདི་ཡང་དེའི་ལམ་དུ་བསྐྱོད་དགོས་པ་ལྟ་ཅི་སྨོས། འགྲོ་བ་མི་སུ་ཡིན་ཡང་འགྲོ་བ་མིའི་ཐོབ་ཐང་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་སུས་ཀྱང་འཕྲོག་མི་ཆོག།
དེ་ཡང་ཁ་སང་དེ་རིང་དྲྭ་ལམ་ཀུན་ཏུ་བོད་ཀྱི་གཉེན་སྒྲིག་སྟངས་ཤིག་གིས་ས་བཀང་རྡོ་བཀང་བྱས་འདུག། དེ་ནི་ཕ་ཡུལ་ཁམས་གོ་འཇོ་ནས་བོད་ཀྱི་བུ་མོ་ཞིག་གནས་ལ་བརྫངས་དུས་ལམ་དུ་ངུ་སྐད་ངང་བྲོས་ཤོར་སོང་བ་ཞིག། བལྟས་ཚོད་ལ་བཙན་གྱིས་གནས་ལ་སྟེར་བཞིན་པར་སྣང་། འདི་ལ་མི་དག་གིས་དཔྱད་བརྗོད་འདྲ་མིན་མོལ་ཏེ། ཕ་མས་བུ་མོ་རྒྱུ་ལ་བརྗེ་ཚོང་ཟེར་ནས་སྡིག་དམོད་བྱེད་མཁན་དང་ཡང་འདི་ནི་སྲོལ་རྒྱུན་འགྲོ་ལུགས་ཤིག་དང་ཕ་མས་ཀྱང་བུ་མོ་ཚེ་ཡི་སྐྱིད་ལ་དམིགས་པ་སོགས་རང་རང་གི་དྲན་ཚུལ་བཅོས་མིན་དུ་བརྗོད་འདུག།
མ་གསང་དྲང་མོར་བཤད་ན་དེ་ནི་བོད་ཀྱི་སྲོལ་རྒྱུན་ཡིན་པར་བདེན་ལ། ཕ་མས་ཀྱང་བུ་མོའི་བདེ་སྐྱིད་ལ་གཏད་ཡོད་པར་ཀྱང་ཤེས་མོད། རྒྱུ་ནོམ་པས་མི་ཚེའི་བདེ་སྐྱིད་བསྐྲུན་པ་ཉུང་ལ། བདེ་སྐྱིད་ནི་ནང་སེམས་ཀྱི་ངོས་ནས་ཚོར་དགོས་པ་ཞིག་ཡིན་པར་ལོས་ཤེས། འདི་ནི་འགྲོ་བ་མིའི་ཐོབ་ཐང་འཕྲོག་བཅོམ་བྱེད་སྟངས་ཤིག། དུས་རབས་ཀྱི་རྗེས་མ་ཆོད་པའི་མཚང་མངོན་ཚུལ་ཞིག། དུས་རབས་ཀྱི་རྗེས་མ་ཆོད་ཀྱང་འགངས་མི་ཆེ་མོད། ཕོ་མོའི་མཛའ་མཐུན་གང་ལའང་མནོ་བསམ་མི་བཞེས་པ་ནི་ཅིས་ཀྱང་སྐྱོ་འོས་པ་ཞིག་རེད། གང་ལྟར་ཡང་ད་ཐེངས་བོད་ཀྱི་གཉེན་སྒྲིག་གི་ལེ་ཚན་གྱིས་ང་ཚོའི་གོམས་གཤིས་ཤིག་ལྷང་ལ་ཕུད། ང་ཚོ་ལ་ནམ་ཡང་བཅོས་དཀའ་བའི་ནད་ཡམས་ཤིག་ནི་མི་དག་ལ་ཐོབ་ཐང་འདྲ་མཉམ་མ་ཡིན་པ་སྟེ། དཔོན་པོ་ལྟ་བུས་ཅི་བཤད་ཚད་མར་བརྩི་བ་དང་གང་མངགས་བགྲོད་དགོས་པའི་འདུ་ཤེས་ཀྱིས། ང་ཚོའི་མི་ཕལ་ཆེར་གྱི་མི་ཚེ་ནི་འཕྲུལ་ཆས་ཤིག་དང་མཚུངས་ཏེ། གཞན་གྱིས་ཁ་ནམ་ཡང་དབང་མེད་དུ་བསྒྱུར།
དེ་ཡང་ཞིབ་ཀྱིས་བཤད་ན། ང་ཚོའི་བོད་ཀྱི་རིག་གནས་ཤིག་སློབ་ཀྱང་རིག་གནས་དེའི་བསམ་བློ་ལས་ཐོད་དུ་བརྒལ་མི་ཆོག་ཅིང་། བརྒལ་ཚེ་ནོར་འཁྲུལ་ཞིག་ལས་གསར་གཏོད་ཀྱི་ཤེས་བྱ་འབྱུང་དུ་མེད་པར་འདོད། མེས་པོའི་གཞུང་ལ་དད་པ་ཞིག་དང་ཡིད་ཆེས་ཀྱིས་བདེན་པར་རློམ་དགོས་པ་ལས། དོགས་སློང་དང་ཡིན་མིན་གྱི་ཐེ་ཚོམ་མ་ཡིན་གྱི་བསམ་གཞིག་སྒྲོག་ཚེ་ལྟ་ལོག་དང་གཏོར་བཤིག་ཉེས་ཅན་གྱི་མིང་ཡིག་སྦྱར། དེ་ཕྱིར་ང་ཚོ་བོད་ལ་ཡར་རྒྱས་ཐབས་རྩལ་དཀོན། ནམ་ཡང་གཞན་གྱི་འདུ་ཤེས་ཤིག་གི་སྒྲོགས་སུ་ཚུད། རྨོངས་དད་ཀྱིས་ཕུར་འདེད་བྱེད། དཔེ་ཞིག་དྲངས་ན། བོད་དུ་ཆོས་ལུགས་བྱེད་སྒོ་ལས་བླ་མ་དང་སྤྲུལ་སྐུ་དག་གིས་དབང་བསྐུར། བོད་ཀྱི་འབངས་མི་ཚོས་རྩ་ཆེན་དུ་འཛིན་ལ་དུས་ཚོད་ཡོད་མེད་ཀྱི་གསེང་ནས་དབང་ཞབས་སུ་འགྲོ། ཡིན་ནའང་། དབང་གང་བསྐུར་བ་དང་དབང་ཅི་རེད་ཅེས་འདྲི་དུས། དབང་རེད་རྩ་ཆེན་རེད་གཞན་མི་ཤེས་ཟེར་ནས་ལན་འདེབས་ངེས། འདི་ནི་སྐྱུག་བྲོ་བའི་སྲོལ་ཞིག་མ་ཡིན་ནམ། འདི་དང་མཚུངས་ཆོས་སུ་གྲུབ་པ་དུ་མར་བརྩེགས།
དེ་བཞིན་བོད་ཀྱི་གཉེན་སྒྲིག་དང་དཔོན་གཡོག་གིས་མིའི་ཐོབ་ཐང་བཅོམ་སྟེ་བློ་དཀར་གཞུང་དྲང་གི་བརྩེ་དུང་མ་ཡིན་ནའང་། རྒྱུག་ཁྱི་བཞིན་ཕོ་བའི་ཆེད་དུ་མི་ཚེ་གཞན་གྱི་གཉའ་གནོན་འོག་ཏུ་རྫོགས་བཅུག་པ་དང་། རང་ཉིད་ཀྱི་རྩལ་ལས་གྲུབ་པའི་བསམ་བློའི་ཤེས་རབ་ཀྱི་འཆར་སྒོ་ལ་གཅུན་གྱིས་ཟྭ་བརྒྱབ།
འདི་ནི་འགྲོ་བ་མིའི་ཐོབ་ཐང་མ་ཤེས་པའི་རྟགས་ཏེ། འགྲོ་བ་མི་ནི་སྨྲ་ཤེས་དོན་གོའི་མཚན་ཉིད་འཛིན་པས། མི་ཚེ་གཅིག་ལ་དུད་འགྲོ་བཞིན་འཚོ་དགོས་དབེན།
རྩོམ་གསར། 10