དུས་ཚོད་ཀྱིས་བཀྱེད་པའི་བར་ཐག།

ལུག་རྫི།        2022-02-17

མོ་ཊའི་སྒེའུ་ཁུང་ནང་ནས། །

སློབ་གླིང་སྒོ་ཆེན་མཐོང་བས། །

རྩིས་གཞུང་མཚོ་མོའི་ཕ་མཐའ། །

འབད་རྩོལ་ཀོ་གྲུས་འཇལ་བའི། །

བརྩེ་ལྡན་སློབ་གྲོགས་དྲན་བྱུང་། །

ལོ་དྲུག་སྔ་དགོང་འགྲོགས་པའི། །

བརྩེ་དུང་སྙིང་གི་འཛུམ་རིས། །

ཁྲེལ་གཞུང་རྡོ་ལ་བརྐོས་པས། །

ལོ་ཟླའི་ཁ་ཆར་རྒོད་ཀྱང་། །

མི་འགྱུར་ལྷུན་པོའི་ཟླ་རེད། །

ཡིན་ཡང་སྒོ་ཆེན་བུད་དེ། །

ཟང་ཟིང་སྤྱི་ཚོགས་འགྲིམ་དུས། །

རྒྱུ་དང་དབང་གི་མདུན་སར། །

མཛའ་བརྩེ་ཉམ་ཐག་གྱུར་ནས། །

ཐུག་འདོད་རིམ་གྱིས་ཉམས་སོང་། །

སྔོན་སྨོན་ལས་ཀྱི་རོགས་པ། །

མདུན་ལམ་མཛེས་མས་བྱས་ཏེ། །

དཔོན་ཐོབ་ལེན་པའི་སྲེད་པ། །

ཡིད་ནས་བཟློག་ཐབས་མ་བྱུང་། །

ཕན་ཚུན་སེམས་ཐག་རྒྱང་སོང་། །

སྐབས་བབ་བྱ་བར་གཡེངས་ནས། །

དུང་སེམས་གཙང་བའི་གྲོགས་ལ། །

ཟླ་རེར་ཚིག་གཅིག་མ་བཤད། །

སྔར་ཡོད་འདང་བརྩེའི་དར་ཤིང་། །

སེམས་ནས་འགྱེལ་ན་ཨ་ཁ། །

སྙིང་གི་མཚོ་ལ་བཞུགས་པའི། །

སློབ་གྲོགས་ངང་བའི་བུ་མོ། །

མི་ཚེའི་དབྱར་གཞུང་ཞིག་ནས། །

ལན་གཅིག་དགྱེས་འཛོམས་བྱུང་ན། །

བདག་གི་བསམ་དོན་གྲུབ་སོང་། །



  • ལེ་ཚན་སྔོན་མ།:རྣམ་རྟོག་གི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།