ཆུ་ཕོ་སྟག་ལོ་བསུ་བ།

        2022-01-26

དགུན་གསུམ་གྲང་བའི་ངལ་ཁ་རབ་བཙན་པས།།

དཔྱིད་ཀྱི་ནམ་ཟླའི་ལང་ཚོའི་དྲོད་ཁོལ་དེ།།

ཡང་ཡང་ཡིད་ལ་འཁོར་ཞིང་དྲན་པ་དེས།།

ཆུ་ཕོ་སྟག་ལོ་བསུ་ལ་བྲེལ་གྱིན་འདུག།

འདུ་འབྲལ་འཁོར་བའི་རི་ལ་ཞེན་པ་དང་།།

ཞེ་ཆགས་རྒྱ་མཚོར་བསྐྱིལ་བའི་རང་བཞིན་ཏེ།།

འཁོར་བའི་སྣང་བརྙན་བྲིས་པའི་ལོ་ཟླའི་ཕྲེང་།།

བརྩེ་བས་གངས་ལ་འཁྱུད་པའི་སྣང་བ་ཡིན།།

དུས་ཀྱི་འགྲོས་ལ་བསྐྱོན་པའི་ཉིན་ཞག་ནང་།།

མི་ཚེའི་ལམ་བུ་ཀྱག་ཀྱོག་མང་ན་ཡང་།།

ལས་ཀྱི་ལམ་ཡིག་ཡིན་པའི་དུས་སྐབས་རེ།།

ལྷན་དུ་དགོད་སྒྲའི་ངང་ཚུལ་ཡིད་དུ་འོང་།།

སྣོད་བཅུད་དགེ་བའི་མཚན་མ་མངོན་པར་མཐོ།།

ཆོས་ཉིད་གནམ་གྱི་བཀོད་པའི་གངས་རིའི་ལྗོངས།།

འཆམ་མཐུན་བདེ་སྐྱིད་གཡུང་དྲུང་རི་མོ་ཡིས།།

ཁོར་ཡུག་ཀུན་ལ་ཁྱབ་པའི་སྣང་བ་སྤྲོ།།

ཕ་མའི་མཛའ་བརྩེ་ལྷད་མེད་དངུལ་དཀར་མདངས།།

ནག་ནོག་དྲི་མས་གཞལ་ཡང་མ་གོས་པར།།

སེམས་ཁོང་དྲོད་སྣང་སྟེར་བའི་བཀའ་དྲིན་ཅན།།

ཚེ་སྲོག་རླུང་རྟའི་སྙན་པ་མཐོ་བར་ཤོག།

གནམ་ལོ་གསར་པའི་དགེ་བའི་ཉི་མ་དེ།།

དབྱར་གཞུང་མེ་ཏོག་དཀར་དམར་མཛེས་སྡུག་ལྷན།།

བདག་སེམས་གཞིས་སུ་ཆུ་ཕོ་སྟག་གི་ལོར།།

ཁ་གཡང་སྨོན་འདུན་སྟོང་གིས་བསུ་བཞིན་ཡོད།།

 སྐྱིད་རྒྱ་མཚོ། 


  • ལེ་ཚན་སྔོན་མ།:ལོ་གསར་པར་ཕུལ་བའི་མགུར་ཆུང་རྟེའུ་ཆུང་འཚེར་སྒྲ།
  • ལེ་ཚན་རྗེས་མ།:ལོ་སར་གཡང་གི་འབོད་པ།