ལམ་དང་ལམ་གྱི་མྱོང་བ།

ཚེ་རིང་རྣམ་རྒྱལ།        2022-01-19

ལམ་འདི་སྐྱོ་བསྔལ་འཚུབ་པའི་འཇིག་རྟེན་གྱི།།

མ་དག་སྣང་བ་ཀུན་ཀྱང་བསྡུས་པ་སྟེ།།

བདེན་རྫུན་ཤྭ་འོད་འཕྱུར་བའི་ཐོང་སྣེ་ནས།།

ཚིག་འབྲུའི་དཔུང་ཆེན་གཏོར་བའི་སྙིང་ཁམས་དེས།།

ཕ་རོལ་ལམ་གཅིག་འགྲིམས་པའི་གཡུལ་ས་རུ།།

གྲངས་མེད་མི་ཚོགས་འདུས་པའི་ཁ་རླངས་ཁྲོད།།

སེམས་ཀྱི་འཚུབ་སྣང་གམ་གྱི་གྲོགས་ལ་བཅོལ།།

འདི་ན་ལས་དང་རླུང་རྟའི་ཁ་ཡིག་གིས།།

ཡེ་དག་རིག་པའི་འདེམ་སྐོང་དཔྱད་པས་བསྡུར།།

མི་ཐུབ་དགག་སྒྲུབ་སྟོང་གིས་གནམ་ས་འགེངས།།

དཔུང་ཤ་བརྡར་ནས་དུས་ཀྱི་མཐའ་ལ་གཏུགས།།

དུས་ཀྱི་སྐར་ཆས་སེམས་ལ་འཚུབ་སྣང་བསླངས།།

དཀའ་བའི་ཚིག་གིས་ཕྱིར་འདང་ཁྲོད་དུ་དྲངས།།

འདི་ན་མི་ཚོའི་མིག་ཟུང་ཅེར་ནས་འདུག།

འདི་ན་རེ་བའི་དབུགས་རྒྱུན་བསྒྲིམས་ནས་འདུག།

འདི་ཡང་ལན་ཅིག་མྱངས་པའི་མྱོང་བ་སྟེ།།

རྨ་ཆེན་གངས་རི་མཐོན་པའི་ཉེ་ལོགས་ནས།།

ཕྱི་བཤོལ་སྡར་མའི་སྲབ་མདའ་མ་འཐེན་པར།།

དགུ་འདུས་གཙང་བོར་སྙེག་པའི་གདམ་ག་འདི།།

བསམ་ན་གཞོན་སྣང་ཕྲ་མོའི་ཧོལ་རྒྱུགས་ཏེ།།

ཡང་ན་ཚེ་གཅིག་ལས་ཀྱི་རྨི་ལམ་ཉིད།།

ད་ལྟ་ཕ་མཐའ་བརྒལ་བའི་སྐད་ཅིག་གིས།།

ལུས་ཀྱི་རྩ་རྒྱུས་དག་ཀྱང་ལྷོད་པ་སྟེ།།

ཁེར་རྐྱང་ལྷིང་འཇགས་རིང་མོའི་གོང་ཁ་རུ།།

ངལ་གསོའི་དུས་ཀྱི་ཉི་འོད་གསལ་དང་ལྷན།།

སྐབས་ཀྱི་མྱོང་བ་དབྱངས་ལ་བཀུག་པ་འདིས།།

སྨོན་ལམ་དག་པའི་དཔལ་གྱི་སྣང་བ་ཡིས།།

ཚིག་གི་རི་མོ་ཀུན་ཏུ་ལེགས་གྱུར་ཅིག།



  • ལེ་ཚན་སྔོན་མ།:དགའ་སྐྱོ་ཆུ་རིས་འོད་གྱོན་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།