མགུར་མའི་འོད་ཟེར།

དབུ་འཇིགས་མེད།        2022-01-17

མི་རྟག་རླབས་རིས་འཁྱིལ་འཁྱིལ།།

ཕྱིར་ལྡོག་མེད་པའི་རླབས་མགུར།།

བཞུར་རྒྱུན་འཁོར་བའི་རྒྱ་མཚོར།།

བརྒལ་ནས་ཨ་ཇོ་བསྙེགས་སོང་།།

ཨ་ཇོ་དྭངས་བཟང་སྤྲིན་དཀར།།

ལས་དང་སྨོན་ལམ་སྟོབས་ཀྱིས།།

འཛོམས་པ་ཉི་ཟླའི་རང་བཞིན།།

དགའ་བའི་ཡིད་གླུ་བསྒྲེངས་པ།།

མི་ཚེ་གཙང་བོ་བཞུར་བཞུར།།

ཕྱིར་ལྡོག་ཐེངས་གཅིག་མེད་པ།།

མཇལ་འཛོམས་རྨི་ལམ་རྨིས་པ།།

གྱེས་བྲལ་འཁོར་བའི་ཆོས་ཉིད།།

ཀུན་བཟང་ཡབ་ཡུམ་འདྲ་བའི།།

གཏན་འཛོམས་ཡག་པོ་མ་བྱུང་།།

བྲལ་བའི་མགུར་གྱི་སྙིང་གཏམ།།

སེམས་ཀྱི་དབུས་སུ་སྒོམ་ཡོད།།

བར་ཐག་ཚིག་གིས་འབྲེལ་བཞིན།།

དྲན་གདུང་དབྱིངས་སུ་བསྐུར་ཡོད།།

གྱེས་བྲལ་ལོ་ཟླའི་འདས་གཟུགས།།

བརྗེད་མེད་གཡུ་དྲུང་བཀོད་ཡོད།།

སྡུག་གི་འཁོར་ལོ་འཁུར་བཞིན།།

དྲན་གླུ་འབུམ་ཕྲག་བསྒྲེངས་པ།།

འཇིགས་སྒྲོལ་རྗེ་བཙུན་འཕགས་མར།།

མཇལ་འཛོམས་སྨོན་ལམ་བཏབ་པ།།

ལས་འཕྲོ་དབྱངས་ཀྱི་སྒྲོལ་དཀར།།

བརྩེ་བའི་གཡུ་དཀར་འབུལ་བཞིན།།

ཕྱི་གསལ་ནང་གསལ་འདྲ་བའི།།

ཕྱི་ཐག་ཁྲེལ་གཞུང་ཟུངས་ཡོད།།

སྣང་བ་འཇའ་ཚོན་འདྲ་བོ།།

མཐུན་ས་ཨ་ཇོ་དྭངས་བཟང་།།

སེམས་ཀྱི་བརྩེ་བའི་ཕོ་བྲང་།།

ཁྱེད་ཀྱི་ཉེ་སར་བཞེངས་ཡོད།།


  • ལེ་ཚན་སྔོན་མ།:སྲིད་པའི་ཐང་ཆེན་བརྒལ་བའི་མྱ་ངན།
  • ལེ་ཚན་རྗེས་མ།:མཐའ་མེད་པའི་མགུར།