སྐྱེད་མོས་ཚལ་གྱི་མགྱོགས་བྲིས།

རྨོག་ཐང་དཀར།        2022-01-04

ཀ་མེད་གུར་ཁང་བརྒྱན་པའི་མེ་ཏོག་གི་དྲི་བསུང་།།

ཁ་ཁོག་གཡོས་པའི་སྙན་ཚིག་ཐོལ་བྱུང་དུ་ཐལ་བས།།

ག་ལེར་སྐྱེད་ཚལ་ར་བའི་གླིང་ག་འདིར་གྱེས་ཀྱང་།།

ང་ཡི་ཡིད་འགྱུར་རི་མོར་གསུབ་པ་རང་མི་འདུག།

ཅ་ག་འཛུམ་ཆུང་ནང་གི་མེ་ཏོག་གི་ཚོམ་བུ།།

ཆ་ཤས་ཟེའུ་འབྲུས་མཚན་པའི་སྒེག་ལྡན་གྱི་ལང་ཚོ།།

ཇ་ཐུན་གཅིག་གི་དབང་པོའི་ལོངས་སྤྱོད་དུ་བསམས་ནས།།

ཉ་མོ་གཙང་བོར་འཁྱུག་པའི་ལྡེམ་ཤ་དེས་ཟིན་སོང་།།

ཏ་རྒུར་ཇི་བཞིན་འཁྱོག་བརྗོད་སེམས་རིས་ཀྱིས་དབེན་ཞིང་།།

ཐ་ཆད་སྨྱོན་པའི་ལབ་རྡོལ་གང་བྱུང་དུ་མ་སྤེལ།།

ད་ལྟའི་སྣང་བརྙན་གསོན་པོའི་འཇུག་ངོགས་འདིར་ལྟ་དུས།།

ན་མཉམ་མཛེས་སྡུག་སྟོང་གི་དགའ་སྟོན་དེ་མཐོང་སོང་།།

པ་ཏྲའི་དབྱིབས་ལྡན་སེམས་ཀྱི་ཁང་ཆུང་གི་ཕྱོགས་ན།།

ཕ་རིའི་ནགས་སུ་འཕུར་བའི་ཕྱེ་ལེབ་དང་ལྷན་ཅིག།

བ་ཀུ་ལ་ཡི་གཉུག་གཤིས་རྗེན་པ་རུ་གྲོལ་བའི།།

མ་ཚོགས་སྙིང་གི་རྐུན་མོ་འདི་ག་རུ་བཞད་འདུག།

ཙ་རིའི་ཚིགས་དྲུག་སྨྱུག་མའི་འཇོ་སྒེག་ལ་འཁྲེང་བའི།།

ཚ་དྲོད་བརྩེ་བའི་མེ་དཔུང་ལམ་ལམ་དུ་མཆེད་དུས།།

ཛ་ཏི་སྤྲུགས་ཀྱང་དུངས་བའི་ཡལ་འདབ་ནི་མ་འཐོར།།

ཝ་ལེར་དྲན་པའི་གཞུ་མོར་བརྩེ་མདའ་དེ་སྤྲོད་རོགས།།

ཞྭ་ཆེན་ལྷམ་ཆུང་རིན་ཆེན་དོ་ཤལ་ལ་ཨེ་དགྱེས།།

ཟ་འོག་གོས་ཆེན་འབྲུག་རིས་ཚར་ཡག་དེར་ཨེ་སྤྲོ།།

འ་འུར་འདུ་འཛིའི་ཁྲོད་ཀྱི་བྲོ་གར་གྱི་བདག་མོ།།

ཡ་རབས་གཤིས་སུ་བཞད་པའི་ངང་ཚུལ་དེས་ཚིམས་སོང་།།

ར་སྐོར་ནང་གི་བསུང་ངད་དྲི་ཞིམ་གྱིས་དྲངས་ཤིང་།།

ལ་ཐོད་དམར་སེར་སྙིང་གི་དབྱིབས་གཟུགས་སུ་འབྲི་བཞིན།།

ཤ་དང་རུས་པའི་སྲུབས་ནས་རྡོག་བྲོ་དེ་འཁྲབ་ན།།

ས་ལའི་སྨན་ལྗོངས་འདི་ནས་རྙེད་འོས་ཤིག་ཐོབ་སོང་།།

ཧ་ལོའི་མེ་ཏོག་འཛུམ་པའི་འཇིག་རྟེན་གྱི་པང་ནས།།

ཨ་མདོའི་ཡུལ་ནས་དབུས་ཀྱི་ལྷ་མོ་ལ་འཕྲད་པ།།

སྐྱེད་མོས་ཚལ་འདིའི་མེ་ཏོག་སྣ་བརྒྱ་ཡི་ཁྲོད་ནས།།

ཡིད་ཀྱི་བུང་བ་ཨུ་དུམ་ཝ་ར་དེར་འཁྲེང་ཡོད།།



  • ལེ་ཚན་སྔོན་མ།:ཆང་ཞིག་གསོལ།
  • ལེ་ཚན་རྗེས་མ།:ཐོལ་བྱུང་གྱ་གྱུ།