དབྱར་འཁྱག་པ།

འཇུ་རབ་གསལ།        2021-12-27

འཚོ་བའི་གས་ཁའི་གསེང་ནས་ཉེར་ལྡང་བའི།།

མི་བཟོད་རླུང་ཡན་ངར་མའི་གཡབ་མོ་ལ།།

ཉི་མས་ཨ་ཆུ་འདོན་པ་ཚོར་ནས་བྱུང་།།

ཟླ་བ་འཁྱག་ལ་འབྱར་བ་གོར་མ་ཆག།


སྒེག་མའི་སྨིན་མས་བྲིས་པའི་རྨི་ལམ་ལ།།

ཐོལ་བྱུང་ལྷགས་པའི་སུམ་འཛུལ་རྒོད་དྲགས་པས།།

བདེ་དགའི་གཤོག་ཟུང་གྲང་བས་ཟོས་ཤུལ་ན།།

འཁྱག་དར་དཀར་པོའི་མིག་ཆུ་འཁྱག་དར་ཉིད།།


རྩི་ཏོག་ས་ནས་སྐྱེས་པ་སྐྱོ་བའོ།།

སྨིག་སྤྲིན་མཁའ་ནས་ལྡང་པ་གདུང་བའོ།།

ཆར་ཟིམ་དལ་གྱིས་འབབ་པ་སྡུག་བསྔལ་ཏེ།།

ཁུ་བྱུག་ལྷོད་ཀྱིས་གྲགས་པའང་སྨྲེང་བྱེད་ཅིག།


མལ་དུ་ཚེར་མ་བབས་པའི་མཚན་ལམ་ནས།།

འབྱུང་པོས་གསོན་ཤ་ཟ་བའི་ཟློས་གར་མཐོང་།།

ཁངས་སྐྱ་རླུང་ལ་བསྡོངས་པའི་དབྱར་གཞུང་འདིར།།

དྲོད་ཐིག་གཅིག་གི་རིན་ཐང་སྲོག་གིས་བཙལ།།


སྒོ་དང་སྒེའུ་འོད་ཀྱི་གཏེར་ལགས་ཀྱང་།།

རླུང་དང་མུན་པའི་ཆོམ་པོར་ངན་འབྲེལ་གྱིས།།

ཁྱིམ་ཕུགས་མཆོད་ཀོང་གསོད་པར་རྔམ་པ་ཡིས།།

ཕུགས་ལྷའི་ཞལ་བཟང་ཐལ་བའི་གཏིང་དུ་ལྷུང་།།


གངས་ཀྱི་ཁ་དོག་དཀར་པོར་མ་མཐོང་མོད།།

གངས་ཆུས་ཁྲོ་གཏམ་སྨྲ་བ་གསལ་བོར་ཐོས།།

གངས་འདབས་རྩྭ་ཐང་རླུང་གིས་བསད་པས་ཀྱང་།།

དབྱར་གཞུང་འདི་ཀ་ཤིན་ཏུ་འཁྱག་པར་བྱས།།


གྲང་ངར་བླ་རུ་རྒོད་པའི་དུས་ཚིགས་ཀྱིས།།

དྲོ་སྐྱིད་འབྲས་ལྡན་དུས་ཤིག་བསུའོ་ཞེས།།

རང་གིས་རང་ལ་ཐུགས་གསོའི་ལུང་བསྟན་ཏེ།།

བཅོས་མའི་སྤྲོ་གར་སེམས་ཀྱི་མངའ་ཐང་ངོ་།།


  • ལེ་ཚན་སྔོན་མ།:འཆི་བདག་གི་རུམ་ནས་སད་ཀྱང་།
  • ལེ་ཚན་རྗེས་མ།:མོ་ནད་གསར་པ།