གཅིག་པུར་སྙན་ངག་ལ་རོལ་བ།

ལྡེའུ་ནག།        2021-12-22

སྒེའུ་ཁུང་འོག་ནས་རྒྱང་རིང་ཕྱོགས་སུ་བལྟས། །

སྐར་ཚོགས་དེ་དག་མཐོང་རྒྱུ་མི་འདུག་ཀྱང་། །

ཉམས་སྣང་ཁུ་སིམ་ལྡན་པའི་སྣང་བ་ཤར། །

མཚན་མོ་འདི་ནས་སྣང་བའི་གྱང་རིས་སུ། །

སུ་ཞིག་སྙན་ངག་ཚིག་གིས་རྒྱས་སྤྲོས་བྱེད། །

འཇིག་རྟེན་འདི་ན་གྲོགས་ཀྱི་མཛའ་བ་ཟུང་། །

གཅིག་པུར་ལུས་ན་རྒྱང་རིང་ཕྱོགས་སུ་འདུག །

བདག་ཉིད་ཁེར་བུ་ལུས་པའི་གྲོགས་གཅིག་པུ། །

ཕར་བཤད་གཏམ་ལ་ཡ་ལན་མི་སློག་པའི། །

ཕྱི་རོལ་གཙང་པོ་ཡིན་ལ་ཟླ་བ་འང་ཡིན། །

དོ་ནུབ་བསིལ་རླུང་ཤག་ཤག་ལྡང་བའི་དུས། །

ཁུ་སིམ་ངང་དུ་སྙན་ངག་གླེགས་བམ་འགའ། །

ཐོལ་ཤེས་བྲེལ་ལྷོད་རན་པའི་སྣང་བ་ཡིས། །

རྡུལ་དང་བྲལ་བའི་སྐད་ཆ་མྱོང་བའི་རྗེས། །

སྙན་ངག་པ་ཡི་རང་གཤིས་མང་དུ་རྟོགས། །

གྲིབ་གཟུགས་འདི་ལ་ཟུར་མིག་ཆགས་པའི་ཚེ། །

ཡིད་ལ་མཚར་སྡུག་ཉམས་སྣང་རྣམ་པར་བཀྲ། །

ལོ་ཟླ་ཞག་ནག་འདི་ལྟར་མ་འདས་སྔོན། །

གྲིབ་གཟུགས་འདི་ཉིད་ཆེ་རྒྱུ་དེ་ཙམ་མེད། །

གྲིབ་གཟུགས་འདི་ལ་ཆུང་རྒྱུ་འང་དེ་ཙམ་མེད། །

ད་ལྟ་གྲིབ་གཟུགས་འདི་ལ་བལྟས་རྗེས་སུ། །

ཤིང་སྡོང་རབ་ཏུ་རྒས་པའི་ཚུགས་ཀ་ལྟར། །

ཉིན་ཞག་རྨི་ལམ་ཕར་ཕར་འདས་གྱུར་ན། །

འཇིག་རྟེན་འདི་ནས་ཆང་ཕོར་འདེགས་བཞིན་དུ། །

སྙན་ངག་ཀློག་བཞིན་ཚེ་ཕྱེད་རྫོགས་པ་ཚོར། །

ད་ནི་རྨི་ལམ་བདེ་མོར་ཞུས་ནས་སུ། །

སྙན་ངག་འདི་དག་ཀློག་པའི་མཚམས་ཀྱང་བཞག །

དྲན་པའི་སྒོ་གླེགས་རྡུང་བའི་སྙིང་ཉེ་ལགས། །

མཚན་ཞག་རེ་རེ་ཕར་ལ་འདས་པའི་ཁྲོད། །

ཁྱོད་ཀྱི་གཟུགས་འགྱུར་བདག་གི་སྙིང་ལ་འཕོས། །

དོ་ནུབ་སྙན་ངག་བཀླགས་པའི་དོན་དག་ཀྱང་། །

ཡིད་གཅུག་སྙིང་ལ་གསལ་བའི་ཡིད་འོང་གི །

བཅུ་དྲུག་ལང་ཚོ་དར་བའི་ཁྱོད་གཅིག་པུ། །

རྒྱང་ལ་ཡལ་ནས་ཉིན་ཞག་སོང་བའི་ཁྲོད། །

བདག་གི་ཞག་ནག་ཆོད་པའི་ངང་ཚུལ་ཡིན། །

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཚིག་རྒྱན་གྱི་གར།
  • ལེ་ཚན་རྗེས་མ།:དུས་ཚིགས་ཤིག་གི་འཆར་སྣང་།