ཆང་ས་རྒྱག་སྟངས་ཤིག།

རྣོ་མདའ།    རྩོམ་སྒྲིག་པ། མགར་རྒྱལ་སྲས།    2021-12-15

ལས་ཀྱི་གྲིབ་མ་སྒུལ་བའི་ཚོར་འདུ་ཁྲོད། །

རྣམ་རྟོག་ཡ་མ་བརླ་ཡི་ཆར་གདུགས་ཕུབ། །

སོ་སོའི་རྐང་ལམ་དེད་པའི་རྗེས་ཤུལ་ན། །

དྲན་པ་སྤར་མོ་གང་གི་ཡང་ལྕི་ཡོད། །

ལམ་ཀ་མི་འདྲ་བ་ལ་ལས་སྣང་རེ། །

དེ་ཡང་འཚོ་བའི་ཉིན་སྲིབ་བརྗེ་སྟངས་ཤིག །

འོད་ཟེར་ལྗང་ནག་འཁྱིལ་བའི་དྲན་པ་འདི། །

རྣམ་རྟོག་ཁྱོར་བ་གང་གི་གྲུབ་ཚུལ་ཙམ། །

དགའ་སྡུག་རི་བོ་སྤུངས་བའི་མི་ཚེ་ལ། །

རི་མོ་དཀར་ནག་བརྗེ་ཐེངས་མང་ན་ཡང་། །

བ་གམ་ཟླ་བ་འདྲ་བའི་ལང་ཚོ་འདི། །

ཅེས་ཀྱང་དུང་བའི་སྤྱན་གྱིས་འདོར་མ་སྤོབས། །

ཡ་ཐོད་གཉེར་མའི་རླབས་ཕྲེང་གཡོ་བ་འདི། །

ན་ཚོད་ཆུ་བོར་ཐུམ་པའི་དོད་ལགས་ན། །

ཆར་དང་སེར་བས་བཅོམ་པའི་བེམ་གོག་འདི། །

མཛའ་བའི་མི་ཡིས་དྲན་པའི་རྟེན་དུ་ཉོར། །

ལས་འདི་ཆུ་མོ་གཞུང་གི་དཔེར་དྲངས་ན། །

སེམས་རྩ་འཁྱག་པར་གྱུར་ཀྱང་མི་སྐྱོན་ཏེ། །

དགའ་སྡུག་རི་མོ་བྲི་སའི་མེ་ལོང་ནི། །

ཚོར་བའི་གསེང་གི་ཆུ་དང་གཙང་བོ་བྱ། །


  • ལེ་ཚན་སྔོན་མ།:ངག་རིག་དབྱངས་ཀྱི་རྒྱང་གླུ།
  • ལེ་ཚན་རྗེས་མ།:རྟོག་འགྱུའི་མཁའ་དབྱིངས།