རྨི་ལམ་གྱི་ཁུག་པ་བཅོ་བརྒྱད།

ཇེང་།        2021-12-10

ངག་ལྷ་ཚོགས་ཞུགས་པའི་གདངས་ཀྱི་ལྷ། །

མགྲིན་འཁོར་ལོའི་རྩ་མདུད་གྲོལ་ཙ་ན། །

དབྱངས་ཚིག་རྒྱན་རིག་པའི་གར་གྱི་སྟངས། །

ཡིད་རིག་བྱེད་ངག་གི་སྙན་པ་འཁྲོལ། །

ཚིག་སིལ་བུ་སྙན་པའི་སྒྲ་ལ་དྲངས། །

དབྱངས་ལྷ་ཡི་ངག་སྒྲོས་གཙང་མ་ཡིན། །

སེམས་ལྗོན་པའི་ཡིད་ཀྱི་ལྡིང་ཁང་ན། །

འཛུམ་བཞད་ཁ་གྲོལ་བའི་རྗེ་བཙུན་མ། །

ཞལ་ཚོན་གྱི་རི་མོ་མཛེས་སྡུག་བཀྲ། །

ཞེ་མ་བཅོས་རང་གཤིས་དྭངས་མ་དེ། །

མིག་ཁྲ་ཆུང་བར་གྱི་ཡང་སྙིང་ལགས། །

གཞིས་འཁོར་བའི་ནང་གི་འཕགས་མ་ཡིན། །

སེམས་དངུལ་དཀར་མེ་ལོང་དག་པའི་ངོར། །

ལས་སྐྱིད་སྡུག་དར་ལྕེ་དགུང་ལ་འཕྱོ ། །

ཞེ་མཐུན་སྣང་གཙང་བོ་རྒྱང་དུ་བཞུད། །

ཚིག་མདུད་པའི་ཚེ་ནོམ་གཏིང་མ་བྱས། །

ནང་ཞེ་འདང་ཨ་ལུང་དགུ་སྒྲིལ་དེ། །

སེམས་གངས་དཀར་དེ་ལས་གཙང་མ་ཡིན། །

དགུང་སྐར་མའི་འོད་ཀྱི་མཚར་སྡུག་ཀློང་། །

ཆར་ཟིམ་མ་སྨུག་པའི་དབྱིངས་སུ་རྒྱུ། །

སྤྲིན་དཀར་དམར་འདྲེས་པའི་ས་སྲོད་ནས། །

ངའི་རྨི་ལམ་ཁུག་པ་བཅོ་བརྒྱད་ལགས། །

སེམས་ཏིང་འཛིན་སྒོམ་པའི་ཞལ་གྱི་ཐང་། །

འཛུམ་དུངས་སེམས་གཙང་མའི་མེ་ཏོག་བཞད། །

ལོ་ཟླ་བའི་རྟ་ཁྱུ་སྒང་ལ་ཞོགས། །

ཡིད་ཟ་ཟིའི་དབུགས་ཀྱི་རྒྱུ་བ་དངངས། །

དགུན་ཙག་རླུང་གཟས་པའི་གྲང་ངར་ཁུད། །

སྐྱོ་འཁེང་རའི་ན་ཟུག་མ་ཐེབས་པར། །

ནང་ཞེ་རྩར་དྲོད་ཀྱིས་མེ་སྒོང་བརྒྱབས། །

ངག་བདེན་པའི་ཚིག་འདི་སྙིང་ལ་སིམ། །

  • ལེ་ཚན་སྔོན་མ།:ཞོགས་པ་དེ།
  • ལེ་ཚན་རྗེས་མ།:བོད་ཆེན་པའི་མཛངས་བློན་བདུན།