རྡུལ་ཕྲན་མཁར།

ཨ་ཏའི་བུ་རྒྱུད།        2021-12-03

མེས་རྒྱལ་སྟོབས་ཆེར་གཏོང་བའི་དགོས་དབང་གིས། །

ལོ་རྒྱུས་ལས་འགན་ལེགས་པར་འགྲུབ་པའི་ཕྱིར། །

འབྲོག་པ་དྲུག་སྟོང་ཁྱིམ་གཞིས་དྲོན་མོ་དང་། །

གྱེས་ཏེ་དྲན་གདུང་འཕོ་ས་རྡུལ་ཕྲན་མཁར། །

རླབས་ཆེན་མི་སྣས་དཀའ་སྤྱད་ཡང་སྤྱད་ཀྱིས། །

ཞིབ་འཇུག་ལན་མང་བགྱིས་པའི་ལག་རྗེས་སུ། །

མངོན་གྱུར་བརྗིད་ལྡན་རྒྱལ་གཅེས་རིང་ལུགས་ཀྱི། །

སློབ་གསོའི་དཔེ་མཚོན་རྟེན་གཞི་རྡུལ་ཕྲན་མཁར། །

ལ་མོ་ཞབས་དྲུང་ཞབས་ཀྱིས་བཅགས་པའི་ཡུལ། །

ཞིང་དཔོན་སྐལ་བཟང་སྐུ་སྲོག་བཞད་པའི་གནས། །

རབ་མཛེས་ནུབ་མཚོ་རྣམ་པར་རྒྱལ་བའི་གླིང་། །

མདའ་ཚན་ཚོ་བདུན་འདུ་ར་རྡུལ་ཕྲན་མཁར། །

རྒྱལ་ལམ་གསུམ་གཅིག་ལྔ་ཡི་འགྲམ་ངོགས་ཀྱི། །

བཟོ་གྲྭ་གཉིས་གཉིས་གཅིག་གི་ཡང་སྟེང་ན། །

ངོ་མཚར་གཏམ་རྒྱུད་སྟོང་གི་དཔའ་དར་དེ། །

མདེལ་གཉིས་སྐར་གཅིག་ཕ་ས་རྡུལ་ཕྲན་མཁར། །

རྡུལ་དག་ནམ་མཁའ་གདོད་ནས་ཁྱིམ་དུ་ངེས། །

གསེར་དངུལ་རྩྭ་ཐང་མཛེས་པའི་རྒྱན་དུ་ངོམ། །

ཁྲི་ཤོར་རྒྱལ་མོའི་བྱང་མཐའ་ཟིལ་གྱིས་གནོན། །

ཁུ་ནུའི་རིག་ཆེན་གཏེར་སྒྲོམ་རྡུལ་ཕྲན་མཁར། །

དྲན་གསོ་ཁང་དུ་སྔོན་གྱི་བྱུང་རབས་གསལ། །

རྡོ་རིང་རེ་རེས་བདེན་དོན་གཏན་དུ་ཉར། །

དེང་གི་སྨྱན་སྦྱོར་ཀུན་གསལ་མེ་ལོང་ནང་། །

སུས་ཀྱང་བསྒྲུན་དུ་མེད་པ་རྡུལ་ཕྲན་མཁར། །

རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གཅིག །

ཝང་ལོ་པེན་གྱི་རོལ་དབྱངས་དུས་ཆེན་གཉིས། །

འདུ་ལོང་རྒོད་པའི་ཡུལ་སྐོར་བྱེད་སྒོ་གསུམ། །

ལང་ཚོའི་དཔལ་དུ་ཤར་བ་རྡུལ་ཕྲན་མཁར། །

ནུབ་ཀྱི་རྒྱལ་མོའི་མངའ་ཐང་འདི་ཡིས་འཛིན། །

གཉན་ཆེན་ལྷ་རིའི་འགྱིང་བག་འདི་ཡིས་སྟོན། །

ཏང་གི་གནའ་གཏམ་རིང་མོ་འདི་ཡིས་འཆད། །

ཟླ་མེད་ཤུལ་བཞག་ནོར་བུ་རྡུལ་ཕྲན་མཁར། །

ལྕགས་ལམ་རྙིང་བས་འདས་དོན་དྲན་པར་སྐུལ། །

བཟོ་བཀོད་གསར་བས་ཞི་མཐུན་བརྗོད་དོན་བྱེད། །

དུས་བཞིར་སྣང་སྐྱིད་ཕྱོགས་བཞིར་སྙན་པ་འཕུར། །

རྫོང་བཞིའི་སྲིད་འཛིན་ལྟེ་གནས་རྡུལ་ཕྲན་མཁར། །

རིག་རྩལ་དར་བས་འཚོ་བར་མཚར་སྡུག་བཀྲ། །

ལྷིང་འཇགས་མོད་པས་སྙན་ངག་ཞིང་དུ་མཐོང་། །

ཚོར་བའི་ཐ་སྙད་འཐུ་མཁན་སངས་སྨྱོན་ངའི། །

སེམས་ཀྱི་ཕ་ཡུལ་གཉིས་པ་རྡུལ་ཕྲན་མཁར། །


  • ལེ་ཚན་སྔོན་མ།:ཉི་རྒས་གྲིབ་མས་གཙེས་པའི་སེམས་འགྱུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།