ཁམས་སྨྱོན་ཧེ་རུ་ཀ 2021-11-29
སྔོན་འགྲོ།
དྲག་ཏུ་མཆོང་ལྡིང་བྱས་མྱོང་བའི་སྙིང་གསོན་པོ་ཁྲི་ཁྲག་གི་བསྟི་གནས།
སྨག་རུམ་སྒྲོག་གིས་བཅིངས་ནས་གནས་དྲུག་གི་འཛུམ་མདངས་དང་དགོད་སྒྲ་ཡོད་ཚད།
སྐད་ཅིག་མའི་རིང་ལ་ཆག་གྲུམ་བྱུང་ཞིང་སྲ་གཟུགས་སུ་གྱུར་པའི།
སྔངས་སྐྲག་དང་སེམས་ཁྲལ་གྱི་མདའ་མོས་མང་པོ་ཞིག་གི་སྙིང་ལ་གཟས་བྱུང་།
ཏྲེ་བོ་མདར། རྒྱལ་རབས་ཤིག་གི་སྤྱན་ཟུང་ལ་རྣོ་ལྕགས་ཀྱི་ངར་ཁ་འཁྲུངས།
ཏྲེ་བོ་མདར། ཨ་ཀླུའི་བློ་སྤོབས་ཀྱི་རྡོ་རིང་ངོས་ལ་དམག་རྟ་ཁྲི་ཁྲག་ལ་གཤོག་ཟུང་རྒྱས།
ཏྲེ་བོ་མདར། ངའི་མེས་པོ་དཔའ་སྤོབས་ཅན་ཚོ་མཎྜལ་སྒང་གི་གི་ཡང་སྟེང་ལ་འཛེགས་ནས།
ཤེས་རབ་རལ་གྲི་གཡུག་ཐེངས་ཤིག་གི་གནས་དྲུག་དབང་དུ་བསྡུས།
ལེའུ་དང་པོ།
ཏྲེ་ཆུང་དང་ཏྲེ་ཆེན་གྱི་འདབས་རོལ་ན།
ངས་ཁྱོད་ལ་བཤད་འདོད་པའི་ཏྲེ་བོ་མདའ་ཆགས་ཡོད།
དེ་ན། ཏྲེ་བོ་ཨ་ཀླུའི་མེ་ཏོག་དཀར་པོ་ཞིག་བཞད་འདུག །
ཆོས་ཀྱི་རྒྱལ་མཚན་གྱི་མེ་ཏོག་དམར་པོ་ཞིག་སྨིན་འདུག །
དེའི་ཡང་སྟེང་དུ།
མཐོ་ས་མཐོ་སར་སྙེག་པའི་གནའ་བོའི་རྒྱལ་ས་ཞིག་ཆགས་མྱོང་། ཏྲེ་བོ་ཨ་ཀླུའི་དཔྲལ་བས་བཏེགས་ཤིང་།
སྒོམ་སྡེ་ནང་ཆེན་བས་སེམས་ཀྱིས་ཁུར་ནས་ཡུན་རིང་འགོར།
ཨ་ཀླུས་ནང་ཆེན་རྒྱལ་རབས་དང་པོའི་ཕ་གཞིས་སུ་བསྒྱུར།
ལེའུ་གཉིས་པ།
མཎྜལ་ཐང་ནས་ལྟ་དུས།
རི་ངོས་སུ་མཁར་ཤུལ་ཞིག་སྐྱ་ལེབ་མོར་མཐོང་།
དེ་ནི་ཧྲལ་ཧྲུལ་གྱི་ལོ་རྒྱུས་ཀྱི་འཕོངས་རྐུབ་དམར་པོའི་ངོས་ལ།
སྐར་ཚོགས་ལྟ་བུའི་ལྷན་པ་ཁྲ་བོ་ཞིག་བཙེམས་ཟིན་པ་དང་མཚུངས།
ཏྲེ་བོ་ཨ་ཀླུ་དང་། ཆོས་ཀྱི་རྒྱལ་མཚན།
ཨ་ཡུལ། མི་དབང་ནམ་མཁའ་བཅས། ལྷན་པ་ལྟ་བུའི་ལུང་ཁུགས་འདི་ནས།
ཁོ་ཚོས་གནས་དྲུག་རེ་རེའི་གཞིས་རའི་ནང་།
གཏིང་ཡངས་པའི་ཁྲོན་པ་རེ་རེ་བཟོ་དུས།
ཡང་སྙིང་ཁོ་ཚོས་ཕྲག་ཏུ་བཏེགས་འོངས་པའི་རྫ་བུམ་འདིར།
ང་ཚོས་ག་དུས་ངོས་ཟིན་ནམ།
ལེའུ་གསུམ་པ།
ཏྲེ་བོ་མདའི་ཉེ་སར་བཅར་དུས།
ཁེར་རྐྱང་མིན་པའི་ཁེར་རྐྱང་གི་ཏྲེ་བོ་མདར།
ཏྲེ་བོ་ཨ་ཀླུ་སྔར་བཞིན་ཉལ་འདུག །
ངས་ཁྱོད་ལ་ཞེ་སྐྱོ་བའི་ཤུགས་རིང་འབྱིན་རྒྱུ་ལས་བཀྲ་ཤིས་པའི་སྨོན་འདུན་ཞུ་མ་ཐུབ།
ངས་ཁྱོད་དང་ཁྱོད་ལྟ་བུའི་བཙན་པོའི་རྗེས་ཤུལ་ལ་འགྲན་པ་གླན་ནས་ངས་ཁ་
སང་གི་གཏམ་རྒྱུད་དྲན་བྱུང་།
ཏྲེ་བོ་མདར་གནའ་རྫས་རིན་བྲལ་བཞེངས་མཁན་དེ་སུ་ཡིན་ནམ།
ཏྲེ་བོ་མདར་མ་ཎི་ཡིག་དྲུག་འཚོལ་མཁན་དེ་སུ་ཡིན་ནམ།
ཏྲེ་བོ་མདར་ཟས་ལྷག་ལ་སྒུག་པའི་མུ་ཏོ་བ་དེ་སུ་ཡིན་ནམ།
ཏྲེ་བོ་མདའ། དེས་ན་ནམ་རྒྱུན་ཁྱོད་ཀྱི་པང་དུ་བསླེབས་པའི་ཡུལ་གྱར་པ་ང་གང་གི་ཁུངས་སུ་གཏོགས།
ལེའུ་བཞི་པ།
ཏྲེ་བོ་མདའ་མཇལ་ཐེངས་རེ་རེར།
ངས་སླར་ཡང་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ལས་དབང་ལ་བསྐྱར་དུ་མཇལ་བའི་སེམས་ཚོར་དྲག་ཏུ་འབར།
འཛིན་རེག་བྲལ་བའི་འཇའ་ཚོན་གྱི་བཀྲག་མདངས།
ཏྲེ་བོ་མདའི་མཐོངས་སུ་ཁ་བཏགས་བཞིན་འཐེན་པ་ནས།
སྨག་རུམ་གྱི་ཁ་དོག་ཕྱིར་དྲན་གྱི་ངོགས་ནས་བོར་བའི་མི་མང་པོ་ཞིག །
ཨ་ཀླུའི་འཛུམ་མདངས་ཀྱི་ཟབ་ས་ནས་ཡར་ལ་ལངས་མྱོང་།
དགོད་སྒྲ་ལྷང་ལྷང་ཁྲོད་ལམ་དུ་ཆས་མྱོང་།
སྨུག་ནག་གི་བཞིན་ནད་འཕྲོས་པའི་སྐད་ཅིག་གི་འདོད་མདངས།
ཉི་འོད་ལ་འཁྲུལ་ཏེ། གནས་དྲུག་རང་དབང་གི་གོམ་པས་མཇལ།
ལེའུ་ལྔ་པ།
བྲག་ཐེམ་གྱི་བེམ་རོ་སྐྱ་བོའི་མཆེ་བ་ན་མར་འགྱེལ་བཞིན་འདུག །
བྲག་ཐེམ་གྱི་ལག་པ་ཟིང་ཟིང་དགུང་ལ་བསྙབས་ནའང་།
ཏྲེ་བོ་ཆོས་ཁྲི་ནི་ཆེས་མཐོ་སའི་རྩེ་རུ་བསྙེགས་ཟིན་པས།
སྤྲིན་དང་བྲག་ཐེམ་གྱི་བར་བར་དུ།
རྟེན་གཞི་གང་ཡང་མེད་པའི་རྡོ་མཁར་མཐོན་པོ་རེ་ཁེར་རྐྱང་གིས་ལྷག་ཅིང་།
ལོ་རྒྱུས་བདག་མེད་ཀྱི་མཁར་ཤུལ་ཞིག་དབེན་སིལ་གྱིས་གཉིད་འདུག །
ལེའུ་དྲུག་པ།
དཔའ་རྒོད་དང་དཔའ་མོ་མང་པོ་ཞིག་ཏྲེ་བོ་མདའ་ནས་ཤི་ཟིན།
ཡིན་ནའང་ལོ་རྒྱུས་ཀྱི་མིག་ཟུང་ད་དུང་ཟིམ་མི་འདུག །
ཧྲེ་བོ་མདའི་ཆུ་མིག་གཞུང་ལ་དམིགས་པའི་དཔའ་བོ་དང་དཔའ་མོ་ཚོའི་འུར་རྡོ་ཡི་ངར་སྒྲ།
ད་རུང་ཏྲེ་བོ་མདའི་བྲག་ཐེམ་གྱིནགསེབ་ནས་འཇགས་མི་འདུག །
ལེའུ་བདུན་པ།
རྩི་ཆུར་བཏང་བའི་ཀོ་གྲུ་རེ་རེས།
ཚངས་མགུར་ལྟ་བུའི་སྨྲེང་གླུ་བཏང་།
ཁ་བ་དབེན་སིམ་གྱིས་འབབ།
བྲག་ཐེམ་གྱི་རྫི་གསེབ་ན་འགགས་པའི་དུང་སྒྲ།
གཙང་འགྲམ་གྱི་འཐོར་རླུང་དང་བྲག་ཐེམ་གྱི་ཉམས་དམས་དང་ལྷན་དུ།
ངའི་མིག་ཁོང་དུ་བསྲིངས་འོངས་པའི།
མྱ་ངན་ཐང་གི་རས་ལྷན་ཟད་པོ་ཞིག་སྟེ།
ཡང་ན། དེ་ལས་ཀྱང་ཁྱོན་ཆེ་བའི།
ལོ་རྒྱུས་ཉམས་ཞིབ་པའི་ངག་ཏུ་མི་འཁྲོལ་བའི་ལོ་རྒྱུས་རབ་རིབ་ཀྱི་ན་བུན་ཞིག་ཨང་།
ལེའུ་བརྒྱད་པ།
ཕོ་བྲང་རྣམ་རྒྱལ་རྩེ་དང་ཧ་ཅང་ཐག་ཉེ་བའི། ཏྲེ་བོ་མདའ་ནི།
གནས་འདིའི་སྒལ་ཚིགས་ཆེ་བའི་རྡོ་རིང་ཞིག་སྟེ།
ནང་ཆེན་རྒྱལ་རབས་དང་པོའི་ཆེས་ཐོག་མའི་མཆུ་སྒྲོས་གླན་ས་དང་།
གནས་དྲུག་གི་བདེ་སྡུག་མ་ལུས་ཀྱི་སྲོག་དབང་དུ་ཞུགས་ས།
དེབ་ཐེར་གྱི་གསེང་དུ་འོད་ལམ་མེར་འཚེར་ཞིང་།
དུས་རབས་བཅུ་གཅིག་པའི་གསེར་སྒོར་སྟེང་གི་མི་སྣ།
ངག་ལ་དུད་དྲེག་ཆགས་པའི་མི་སྣ།
སྔར་བཞིན་ཉི་འོད་ཀྱི་ཀློང་དུ་ཆང་སེར་གྱི་བཟི་ཁར་འཐིམ།
ཚིལ་དྲི་བྲོ་བའི་གཏམ་རྒྱུད་སྐྱུར་མོ་ཞིག་མདོ་དབུས་མཐོ་སྒང་དུ་ཁྱབ་ཅིང་།
ཨ་ཀླུ་དཔའ་སྤོབས་ཀྱིས་ཁེངས་པའི་ལྗིད་ཏིག་ཏིག་གི་རྡོ་སྒྲ་སྙན་མོ་དེ།
ལོ་རྒྱུས་ཀྱི་གོད་ཆག་ཁྲོད་ནས་གྲག་མེད་དུ་གྱུར།
ཤོག་ཐོར་ངོས་སུ་འགྱེལ་བའི་གསེར་ཡིག་ལ་ཅེར་ནས།
ཁ་སང་གི་བཞིན་ལ། དེ་རིང་ཀ་རག་བྱུགས་མཁན་ནི་ཅི་འདྲ་དཀོན།
ཏྲེ་བོ་མདའ་ལྷ་སྒྲུང་དུ་བཞེངས་མཁན་ཡོད་རུང་།
ཏྲེ་བོ་མདའ་ནམ་ཡང་མགོ་བོ་སྒུར་ནས་ལྟ་མཁན་ག་ཚད་ཡོད་ཨང་།
ལེའུ་དགུ་པ།
ནང་ཆེན་རྒྱལ་རབས་ཀྱི་ཤུབས་ལས་ཕྱུང་བའི་རལ་གྲིའི་སྐྱེ་རབས་རྫོགས་ལ་ཉེ།
བྲག་ཐེམ་དང་རྡོ་རྩིག་གསེང་གི་སྣུམ་ཞག་འདག་ལ་ཉེ།
ཨ་ཀླུ་སྐུ་ངོས་ཕྱག་ལྕག་གིས་ཕབ་པའི་མཎྜལ་སྒང་གི་སྨུག་པ་དྭངས་ལ་ཉེ།
མེས་པོའི་སེམས་ཁོང་གི་རྩྭ་ཐང་རླུང་གིས་སྐྱོམ་ལ་ཉེ།
ཨ་ཀླུའི་དྲན་ངོགས་ཀྱི་གཙང་པོ་སྐོམ་ལ་ཉེ།
མདོར་ན་ཏྲེ་བོ་མདའི་ཡོད་ཚད་ཁ་སང་ལ་དབང་།
ཏྲེ་བོ་མདའི་ཡོད་ཚད་ལོ་རྒྱུས་ལ་དབང་།
མཇུག་བྱང་།
ལོ་རྒྱུས་སྒྱེ་གང་སེམས་སུ་བསྐྱིལ་རྗེས།
མ་འོངས་པའི་ཆེད་དུ།
ངས་དེབ་ཐེར་དག་པ་མང་པོ་སེམས་སུ་བཏབ་པ་ཡང་།
འགའ་ཤས་མ་དག་པར་གྱུར་ཅིག་གུ།
ལོ་རྒྱུས་ཀྱིས་ལོ་མང་སྔོན་ནས་བོར་བའི།
ཏྲེ་བོ་མདའ་དེ།
ད་ལྟ་རྒྱང་རིང་རྒྱང་རིང་ཞིག་ཏུ་གྲུབ་འདུག །
དེ་ནི། ཁ་ཕོ་སུ་ཆེས་ངན་དགུ་བུ་བཞིན་བསྐྱངས་བསྐྱངས་པའི།
ཉམ་ཉེས་ཀྱི་སྡིག་པ་དེ་དག་ཀྱང་།
ནམ་ཞིག་ལ། དགེ་བར་གྱུར་ཅིག་གུ།
དེབ་ཐེར་ཞིག་སྒོ་མ་ཕྱེ་བའི་ལོ་འགའ་འགོར་བའི།
ལོ་རྒྱུས་ཀྱི་འགྱུར་ཁུག་དེ།
ད་ལྟ་རྒྱང་རིང་རྒྱང་རིང་ཞིག་ཏུ་གྲུབ་འདུག །
ལོ་རྒྱུས་ཀྱི་སྡིག་ཉེས་ཡོད་ཚད།
མེ་རུ་བསྒྲོན་རྗེས།
ཏྲེ་བོ་མདའ་དང་། ཨ་ཀླུའི་ལོ་རྒྱུས་ཡོད་ཚད་འོད་གསལ་ལེར་གྱུར་ཅིག་གུ།
རྩོམ་གསར། 10