དབུས་མཇལ་རྗེས་དྲན་མིག་གི་དགའ་སྟོན།

རྐྱང་རྩེ་རྡོར་ལྷུན།        2021-11-23

རིག་བཅུའི་ཉི་ཟླའི་མཚན་འབར་ཟེར་བརྒྱའི་སྡིངས། ། 
བྱམས་བརྩེའི་ཐུགས་རྗེ་བླ་མེད་རྗེས་ཡི་རང་། །
མཚོ་སྔོན་དགེ་འོས་མ་ཡུམ་སློབ་གྲྭ་ཞེས། །
ས་སྟེང་སྙན་པས་ཁྱབ་པ་གང་དེར་འདུད། །

གང་གི་ཤེས་བྱའི་བདུད་རྩིའི་གྲུ་ཆར་མདས། །
བརླན་པའི་གཤིན་སའི་མྱུ་གུ་ཕོན་པོའི་སྟོབས། །
བསྐྱེད་པའི་བཀའ་དྲིན་གཞལ་བར་མི་སྤོབས་ལས། །
དབུས་བརྫངས་བརྟག་དཔྱོད་དངོས་བགྱིས་རྗེས་དྲན་བྱ། །

ཁོ་ར་ཁོར་ཡུག་ལྗོན་པའི་མུ་ཁྱུད་ཕྲེང་། །
བསྟར་བའི་མདོ་སྨད་ས་ཡི་ཐིག་ལེའི་མཁར། །
ཙོང་ཁ་ཟི་ལིང་གྲོང་ལས་མྱོས་བ་འབུམ། །
མནམས་ཏེ་མཉེས་གཤིན་བཤེས་དང་ལྷན་ཅིག་ཆས། །

སློབ་གྲྭས་སྐུལ་བའི་སྣུམ་འཁོར་ངང་དཀར་མོ། །
ཁོད་ཡངས་རྨ་ཀླུང་དཔལ་འགྲན་གཞུང་ལམ་ངོས། །
ཡུད་ཀྱིས་འཕུར་བའི་ཟོལ་གྱིས་བསྐྱོད་པ་ནི། །
རེ་བའི་ཉི་གཞོན་རྒུམ་ལ་བྲེལ་བ་བཞིན། །

ཙོང་ཆུ་སྔོན་མོས་སྐྱེལ་མའི་མགུལ་དར་འཐེན། །
ཉི་ཟླ་རི་བོས་དགྱེས་བསུའི་འཛུམ་བག་དགོད། །
མཚོ་ཆུང་ནོར་བུས་སྤྲོ་དགའི་ཁྲུང་ཕོར་བཏེགས། །
དཔྱོད་ལྡན་གཞོན་ནུའི་ཚེམས་ཕྲེང་མུ་ཏིག་འཛུམ། །

མཛེས་སྡུག་ཡུལ་ལྗོངས་རྨ་མེད་མཐའ་ཡས་ཁྱོན། །
ཁྲ་ལམ་རི་སྐྱེས་འབུམ་གྱིས་བར་མེད་དཀྲིགས། །
སྔོ་བསངས་མཚོ་དང་མཚེའུ་མཎྜལ་ཚོགས། །
སུས་ཀྱང་མ་འབུལ་རང་བྱུང་ལྷུན་གྱིས་གྲུབ། །

 རྨ་འབྲིའི་གཡུ་འབྲུག་སྒལ་བརྒལ་ལྷོ་རུ་བསྐྱོད། །
མ་ཎིའི་རྡོ་ཡི་སྐྱེ་རྒུའི་ངོ་མཚར་གྲོང། །
བེེ་རོ་ཙ་ན་འགྲོ་མགོན་འཕགས་པའི་ཞབས། །
དངོས་བཀོད་དོན་གྲུབ་གླིང་དགོན་བླ་ན་འཕགས། །

གཏིང་དཔག་དཀའ་བའི་མཚོ་འཇིངས་ལ་ཞུགས་བཞིན། །
སྣང་བྱེད་མཚོ་ལས་གསར་དུ་འཕགས་པ་བཞིན། །
སྤྲིན་གྱི་རྒྱ་མཚོ་འཁྱིལ་བའི་རི་བོ་ཆེའི། །
རྩེ་མོར་བརྒལ་དུས་མཐོ་རིས་རྒྱུ་བ་བཞིན། །

རྫ་ཆུ་ངོམ་ཆུ་ཆ་འབྲུག་རྩེན་པའི་གནས། །
སྔོ་ལྗང་རི་ཀླུང་གིས་བསྐོར་ཞི་བའི་གྲོང་། །
རྗེ་ཙོང་ཁ་བ་དགོང་ཞག་གཅིག་གི་མནལ །
ཤེར་བཟང་དགོན་དུ་གྲུབ་པ་མིག་གི་དཔྱིད། །

དེ་རུ་འཕགས་པ་ལྷ་དང་ཕུར་ལྕོག་དང་། །
གྲུབ་དབང་ཀློང་བརྡོལ་རྒྱལ་སྲས་ཞི་བ་ལྷ། །
ཞང་པཎ་ཆོས་སྐྱོང་ཞང་ཞུང་ཆོས་དབང་གྲགས། །
ལ་སོགས་གངས་ཅན་མཁས་རྒུས་ཐོས་འཛིན་མྱོས། །
 
ཆབ་མདོ་རྫོང་ནས་ལེ་དབར་བཅུ་གཉིས་གྲངས། །
ཆོད་པའི་གནས་སུ་བོད་དུ་ཆེས་ཐོག་མར། །
བཙལ་རྙེད་བྱུང་བའི་རྡོ་ཆས་རྙིང་མའི་མཛོད། །
ཁ་རུབ་གནའ་ཤུལ་འཇའ་གུར་ཕུབ་ལས་མཇལ། །

སྤང་མདའ་ཐང་དུ་མཚན་མོའི་སྐར་ཚོགས་བཀྲ།།
སྤང་ཐང་སྟན་དུ་བྱས་ཏེ་སྐར་མར་རེག།
ཚེས་རིས་གདོང་ལ་གླན་ཏེ་སྙིང་གཏམ་བརྗོད། །
ལྕགས་བྱ་རྙིང་ཧྲུལ་ཞིག་གི་གཤོག་རྩལ་དྲན། །

གཉའ་ཁྲི་བཙན་པོའི་འཁྲུངས་གཞིས་སྤོ་བོ་ཡི། །
བྱ་མ་ཁ་ཡི་ཆུ་མདོ་རྒྱལ་ས་ཡི། །
དབྱི་ཧོ་ཚལ་མིན་རང་བྱུང་ལས་གྲུབ་པའི། །
མཛེས་པ་གཉིས་ཤིག་ཞིང་འདིར་ཡོད་མ་ཡིན།།

སྟོན་པ་གཤེན་རབ་མི་བོའི་བླ་སྲོག་སྟེ། །
ཉིང་ཁྲིའི་འཛམ་གླིང་ཤུག་སྡོང་རྒྱལ་བོའི་ཚོགས། །
སྲིད་གསུམ་ཁྱོན་ཀུན་འགེངས་སྙམ་རི་ལ་ལྷམ། །
རིས་མེད་གྲུབ་མཐའ་ཀུན་གྱིས་དང་བས་མཆོད། །

མཐའ་མེད་མྱང་ཆུ་སྐྱ་མོའི་འཇོ་སྒེག་ལ། །
ཆགས་པའི་བོན་རི་དམུ་རི་སྨུག་པོ་དང་། །
ལྷ་རི་གྱང་ཐོའི་འགྱིངས་བག་ལྷམ་མེ་བས། །
དྲངས་པའི་དད་ལྡན་དཔྲལ་བས་འཛིན་མ་ཡོམ། །

མྱང་ཆུ་ཡར་ཀླུང་གཙང་བོར་འདྲེས་མཚམས་སུ། །
གྲི་གུམ་བཙན་པོའི་བང་སོ་མངོན་པར་འཕགས། །
བཅོས་མིན་ལོ་རྒྱུས་རྡོ་རིང་དངོས་སུ་མཇལ། །
ལོ་ངོ་སྟོང་ཕྲག་སྔོན་གྱི་ཕ་རོལ་བརྒལ། །

ཟངས་མདོག་དཔལ་རི་མི་ཡི་ཡུལ་དུ་ནི། །
དངོས་སུ་འཕོས་འདྲའི་རིག་འཛིན་དགའ་ཚལ་ཏེ། །
བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཡི། །
གདན་ས་བླ་མ་གླིང་གིས་ཁམས་གསུམ་གནོན། །

རྒྱ་མ་ཁྲི་སྒང་སྲོང་བཙན་འཁྲུངས་པའི་གཞིས། །
ཕོ་བྲང་བྱམས་པ་མི་འགྱུར་གླིང་གི་གཟིས། །
འགྲུལ་བཞུད་མགྲོན་པོའི་ཕྲག་པ་ལྷོད་འགྱུར་ཞིང་། །
གུས་པའི་མགོ་བོ་ས་རུ་དུད་པར་བྱེད། །

ཨེ་མ་གངས་ལྗོངས་འགྲོ་བའི་སྙིང་གི་སྐྱབས། །
ཁམས་གསུམ་ཕོ་བྲང་བག་ལ་ཞ་བའི་གདུང་། །
ཅིག་ཅར་སྟེར་བའི་བརྗིད་ཆགས་པོ་ཏ་ལར། །
མཇལ་བའི་མྱོང་བ་སྨྲ་བསམ་བརྗོད་ལས་འདས། །

རྒྱ་བལ་བཟའ་གཉིས་པདྨའི་འདབ་རྒྱ་ལས། །
གྲོལ་བའི་ཟེའུ་འབྲུ་གཙུག་ལག་ཁང་རྣམ་གཉིས། །
སྐབས་གསུམ་ཕོ་བྲང་ས་རུ་འཕོས་པ་ལྟར། །
དད་ལྡན་བུང་བའི་ཚོགས་རྣམས་སྤྲིན་བཞིན་འདུ། །

མཛངས་མིའི་བྱས་རྗེས་དྲན་གསོ་བསུབས་མེད་དང་། །
རྒྱ་བོད་མཐུན་འབྲེལ་རྡོ་རིང་ལ་སོགས་པའི། །
དྲང་དོན་ལོ་རྒྱུས་དཔང་པོ་གནམ་འདེགས་ཀ །
ཀྲོང་ངེར་མི་འགྱུར་བརྟན་པའི་དཔའ་གདེང་ངོམ། །

གངས་ལྗོང་སྨག་རིམ་བསེལ་ཕྱིར་སྲོང་བཙན་ནས། །
ཐུ་མིའི་བོད་ཡིག་བཟོ་ལ་བཏབ་པ་ཡི། །
ཕ་བོང་ཁ་ཡི་སྐུ་མཁར་མ་རུའི་ནང་། །
ཐུ་མིའི་ཕྱག་བྲིས་ཡིག་དྲུག་མཇལ་བས་སྤྲོ། །

སེ་འབྲས་དགེ་གསུམ་བཅུ་ཕྲག་རིག་པའི་མཛོད། །
འཇིག་རྟེན་གསུམ་བཞིན་ཕྱོགས་སོར་རྣམ་པར་བརྗིད། །
འཆད་རྩོད་རྩོམ་གསུམ་རིགས་པའི་གད་རྒྱངས་སྒྲས། །
ཉོན་མོངས་མུན་དགྲའི་བླ་སྲོག་དམིགས་མེད་འཁྱམས། །
 
བོད་ལྗོངས་དེང་གི་རྟེན་མཛོད་ཁང་མཆོག་གི། །
བོད་པའི་གནའ་བོའི་ངོ་མཚར་རིག་གནས་དཔལ། །
འདྲེན་བྱེད་ཟུང་གིས་ཟིན་པའི་མཐའ་མེད་པར། །
མཇལ་བས་གཟི་བརྗིད་མགོ་བོ་ལྟག་ལ་དགྱེས། །

རྒོད་ཀྱི་ལྡེམ་འཕྲུའི་ཐུབ་བསྟན་རྡོ་རྗེ་བྲག།
གཏེར་བདག་གླིང་པའི་ཨྱོན་སྨིན་གྲོལ་གླིང་། །
གསང་ཆེན་སྔ་འགྱུར་རྙིང་མའི་ཆུ་མགོའི་ཁུངས་། །
མཆོད་རྟེན་རང་བྱོན་དང་བཅས་ངོ་མཚར་རྨད། །

སད་མི་བདུན་ཞེས་རབ་བྱུང་ཐོག་མའི་སྡེ། །
བྱོན་པའི་བོད་ཀྱི་ནང་དགོན་སྔ་མ་སྟེ། །
མཁན་སློབ་ཆོས་གསུམ་གྱིས་བཞེངས་སྒྲ་སྒྱུར་གླིང་། །
བསམ་ཡས་གཙུག་ལག་ཁང་བཟང་རྣམ་པར་རྒྱལ། །

ཨྱོན་རྗེས་འབྲངས་སྒྲུབ་ཕུག་བརྒྱ་རྩ་བརྒྱད། །
དེ་ལ་ཆུ་མིག་དུར་ཁྲོད་བརྒྱ་རྩ་བརྒྱད། །
ལྷང་ངེར་མངོན་པའི་འཆིམས་ཕུའི་ཀློང་ཆེན་གྲོང་། །
མཁའ་འགྲོ་འབུམ་གྱིས་དཀྲིགས་པས་ངོ་མཚར་འཛིན། །

ཇོ་བོ་རྗེ་ཡིས་བཀའ་གདམས་ཕ་ཆོས་ལུང་། །
གནང་ཞིང་བུ་ཆོས་རྟེན་འབྲེལ་འགྲིག་པའི་གནས། །
ལྷ་རི་རྙིང་བོའི་དབེན་གནས་བྲག་ཡེར་བ། །
མཇལ་གནས་ལྭ་བ་ཀུན་གྱི་གོང་བར་བཞེད། །

ཉི་ཟླའི་རྣ་ཆའི་རྒྱན་མཛེས་གམ་པ་ལའི། །
མགུལ་བར་གཡུ་འབྲུག་སྔོན་མོ་རྒྱུ་འདྲའི་ཉམས། །
ཡར་འབྲོག་གཡུ་མཚོ་གསེར་ཉའི་མཛོད་འཛིན་དཔལ། །
མཐོང་ཐག་སེམས་ཀྱི་ངལ་བརྒྱ་སེལ་བར་བྱས། །

ལྷུང་པ་བཤགས་ཕྱིར་སྐུ་ཕྱག་མཎྜལ་འབུམ། །
སོ་ལྔའི་བྱིན་དུ་ལྷུང་བཤགས་ལྷ་སོ་ལྔའི། །
ཞལ་དངོས་མཇལ་བའི་རྣམ་པ་འཁོར་བཅས་ལ། །
ཇི་བཞིན་འཆད་པའི་འོལ་ཁ་ཆོས་ལུང་མཚར། །

འོ་དེ་གུང་རྒྱལ་ཤེལ་གྱི་གུར་ཁང་དབུས། །
རྫིང་ཕྱིའི་བྱམས་པ་ཞིག་གསོའི་དཔལ་རབ་འབར། །
བྱམས་བསྟོད་ཚངས་པའི་ཅོད་པཎ་སྙན་འཇེབས་གླུས། །
དད་གསུམ་ཡིད་འཁྲུགས་མིག་གི་མཆི་མ་འབྱིན། །

རྒྱ་བཟའི་རྩིས་ལྟར་སྲོང་བཙན་ཐུགས་དམ་གྱི། །
སྙིང་བོ་ལྷ་ཁང་བཅུ་གཉིས་ལེགས་བཞེངས་པའི།།    
ཐོག་མ་ཁྲ་འབྲུག་ཡར་ཕེབས་སྒྲོལ་མ་མཆོག །
བཞུགས་ལས་རྒྱ་བཟའི་ཐབ་དང་བཅས་པར་མཇལ། །

རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོའི་གཞིས། །
ཕོ་བྲང་ལ་སྔ་ཡུམ་བུ་བརླ་མཁར་དེས། །
ཇོ་མོ་བཀྲ་ཤིས་ཚེ་རིང་གདོང་སྣ་རུ། །
འགྱིངས་ངེར་སྔ་བ་ཟོ་དང་ཞིང་ལ་གཟིགས། །

བསྐལ་བར་མ་འཇིག་འཕྱོངས་རྒྱས་མུ་ར་རིའི། །
བཙན་པོའི་གདུང་ཁང་སྣ་ཚོགས་བརྗིད་ཆགས་དབྱིབས། །
རྒྱ་ཆེར་ཁེབས་པས་ཡིད་ཀྱི་འཆར་སྒོ་ལ། །
འདས་པའི་ལོ་རྒྱུས་ཟློས་གར་ཅི་ཡང་བསྒྱུར། །

རབ་མཛེས་དཔའ་བོའི་མེ་ཏོག་ཁྲ་ལམ་མེར། །
སྔར་བས་འཛུམ་པའི་རྒྱལ་རྩེ་དབྱིན་འགོག་མཁར། །
མཇལ་བའི་མོད་ལ་ཟུག་རྔུའི་ཁོག་དཔུང་མེ། །
མི་ཁོགས་ཡ་ཆུང་སྙིང་རྩེར་དྲག་ཏུ་མཆེད། །

ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་མཆོག་ནས། །
ཡོན་སྦྱར་མཁས་གྲུབ་དགེ་ལེགས་དཔལ་བཟང་བོས། །
ཕྱག་བཏབ་འཛམ་གླིང་རྒྱན་གཅིག་ཐེམ་སྤང་མའི། །
རྟེན་བཞུགས་དཔལ་འཁོར་མཆོད་རྟེན་མཁའ་རུ་བསྙེགས། །

ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་ཉེ་གནས། །
ལྕེ་བཙུན་ཤེས་རབ་འབྱུང་གནས་མདའ་རྒྱང་མཚམས། །
ལོ་སྟོན་གྱིས་བཏབ་བུ་སྟོན་རིན་པོ་ཆེས། །
ཆེར་སྤེལ་ཞ་ལུ་དགོན་གྱི་གཟི་བྱིན་འབར། །

ལྷ་དབང་ཁང་མཆོག་ས་རུ་འཕོས་སྙམ་པའི། །
རྒྱལ་བ་པཎ་ཆེན་ཉི་ཟླའི་གདན་ས་སྟེ། །
གཙང་གི་བཀྲ་ཤིས་ལྷུན་པོས་དད་འདུན་པའི། །   
སྒོ་གསུམ་གུས་པའི་བག་ཡོད་ཚུལ་བཞིན་སྦྱར། ། 

འདུལ་འཛིན་གཏུམ་སྟོན་བློ་གྲོས་གྲགས་པ་ཡིས། །
ཕྱག་བཏབ་བོད་ཀྱི་པར་ཁང་ཆེན་མོའི་གྲྭར། །
ཡོངས་གྲགས་དཔར་ཤིང་རི་རབ་བརྩིགས་པའི་ཕོན། །
སྣང་བ་སྣར་ཐང་དགོན་པས་ཡིད་རབ་འཕྲོག །

ཆོས་དུང་དཀར་བོ་རྒྱང་གྲགས་ལྷང་ངེར་སྙན། །
ཆོས་བརྩིགས་བྲག་རིའི་གཟི་འོད་ལམ་མེར་མཚེར། །
པོ་ཏི་ལྕགས་ལུང་མ་ཡི་ལྗིད་པའི་ཤུགས། །
མིང་ཆེན་ཀ་བཞིས་བཏེགས་པའི་ས་སྐྱ་མཛེས། །

སྙེ་མོའི་ཐོན་པའི་སྡེ་ཞེས་ཡོངས་གྲགས་པའི། ། 
གངས་ལྗོངས་ཡི་གེའི་བྱེད་པོ་སམྦྷོ་ཊའི། །
འཁྲུངས་ཡུལ་དང་མཇལ་སྐལ་བཟང་ཤར་བ་འདིས། །
ཁོ་བོའི་མ་རིག་རྨོངས་པ་སྔར་བས་བཅོམ། །   

བྱང་ཆུབ་འཁྲི་ཤིང་ལོ་འདབ་ཚང་ཚིང་འཁྲིགས། །
སྙིང་རྗེའི་འདབ་བརྒྱའི་ཟེའུ་འབྲུའི་ངད་ཁ་ལྡང་། །
དྲི་མེད་དྭངས་བསིལ་མཚེའུ་རྫིང་མེ་ལོང་ངོར། །
གྱེས་དཀའི་གྲངས་མེད་གཟུགས་གསལ་ནོར་བུའི་གླིང་། །

ལྷ་སའི་དཀྲུགས་ཇ་མངར་མོར་མཉམ་རོལ་གྱིས། །
ལྷ་སའི་སྤུན་ཟླས་བདེ་མོའི་གཏམ་གླེང་ཞིང་། །
ལྷ་སའི་ནང་གཞས་སྙན་མོའི་སྐྱེལ་མ་ཡིས། །
ལྷ་སའི་ཡུལ་ནས་གྱེས་དཀའི་མཆི་མ་དཀུ། །

གཉན་ཆེན་ཐང་ལྷས་དར་དཀར་བཏེགས་པས་མཛེས། །
གནམ་མཚོ་ཕྱུག་མོས་མཆོད་ཆང་དྲངས་པས་ཞིམ། །
གདང་ལ་རི་བོས་སྐྱེལ་བསུའི་དཔུང་མཛད་བརྗིད། །
དོན་ལྡན་དབུས་མཇལ་རིང་མོའི་ཉིས་ཤད་འཛུམ། །

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཟློས་གར་བརྒྱ་དང་བརྒྱད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།