རང་བྱུང་ངག་གི་ཀུན་རྟོག།

ཁམས་པ་རབ་དབྱངས།        2021-11-15

ཀུན་རྟོག་སྒྱུ་མའི་མཐིལ་དུ་མ་བྲིས།།

ཟག་མེད་ལམ་གྱི་ཐར་ལམ་མ་བྲིས།།

རིག་བྱེད་ངག་གི་རླབས་ཕྲེང་འདི་ལ།།

རྣམ་རྟོག་འཕྲུལ་མ་རླུང་གི་གཡོ་དུས།།

རྨད་བྱུང་ཚིག་གི་མཛེས་པ་སྩོལ་ཅིག།

ཀུན་གསལ་སྣང་བའི་མེ་ལོང་ངོས་ལ།།

དགྱེས་འཛུམ་པདྨའི་ཞལ་རས་རྨད་པ།།

བྱིན་རླབས་སྩོལ་བའི་ཚངས་སྲས་ལྷ་ཉིད།།

བྱང་ཆུབ་ལས་ཀྱི་ལྗོན་བཟང་འཐོར་བ།།

ངག་རིག་མགྲིན་པ་སྙིང་དུ་ཏིག་ཅིག།

རྣམ་དཀར་ལས་ཀྱི་སྲིད་གཞི་འདི་ལ།།

ལས་སྨོན་ཚིག་གི་འཆིང་རྒྱ་གྲོལ་བ།།

ཤིས་ཚིག་མེ་ཏོག་ལྷོད་ཆ་གཏོར་རྗེས།།

དབྱངས་ཀྱི་ཕྱི་ནང་རེ་ཞིག་འཇགས་པ།།

སྙན་ངག་ཁྱུ་ཚོགས་དལ་གྱིས་ལྡིང་ཅིག།

སྣ་ཚོགས་འཕྲུལ་བའི་ཆོ་ག་འདི་དག།

སྐལ་ལྡན་བུང་བའི་ཚོགས་ཀྱི་རྒྱན་པ།།

ཞུ་འཕྲིན་ངག་གི་བསྡུས་གཟུགས་འདི་ལ།།

འདུ་བྱེད་ཚིག་གི་དྲི་ངད་ལྡང་རྗེས།།

དབྱངས་ལྡན་ངག་གི་ཤིས་པ་སྩོལ་ཅིག།

གཉུག་མའི་སེམས་ཀྱི་དྲ་བ་གསལ་རྗེས།།

སོར་རྩེའི་སྒྱུ་འཕྲུལ་དབྱངས་ལ་སྐྱོར་བ།།

ངག་རིག་དབྱངས་ཀྱི་སྦྱོར་སྟངས་འདི་ལ།།

དབུ་མའི་སྒྲ་ཡི་ཀུན་རྟོག་བརྩམས་རྗེས།།

སྤྲོས་པ་ཞི་བའི་དབྱངས་ལ་གྲོལ་བ།།

ཞི་བ་དབྱངས་ཀྱི་སྒྱུ་འཕྲུལ་འདི་དག།

སེམས་ཉིད་རྨོངས་པའི་ནགས་ཚལ་ངོས་ལ།།

རང་བྱུང་ངག་གི་རྩྭ་འདབས་གྲོལ་ནས།།

སྣང་བའི་འཆར་སྒོའི་གདངས་ཆ་འདི་དག།

དབྱངས་ཅན་ལྷ་མོའི་ཞུ་འཕྲིན་རླབས་ཡིན།།


  • ལེ་ཚན་སྔོན་མ།:དབྱངས་ཅན་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།