ས་མཐའི་ཁང་སྟོང་།

སད་མི།        2021-11-15

གནས་འདི་ནས་མི་ཁ་ཤས་ཤིག་དང་། སེམས་ཐག་ཉེ་བ་དང་ས་ཐག་ཉེ་ནའང་། ཁ་ཐག་རིང་པོར་གྱེས་འདུག ། དེ་ནི་བར་ཐག་གི་ཟུར་ཞིག་ཡིན་པ་འདྲ། བར་ཐག་ཅེས་པ་ནི་ངས་འགྲེལ་བཤད་མི་ཕོག་པའི་གསང་གནས་ཤིག་ཡིན་ནའང་། སུ་ཞིག་ལ་དགའ་བ་དང་། སུ་ཞིག་དྲན་པ་ནི་བར་ཐག་ཡིན་པར་ཤེས་ཡོད། མ་ཟད་ངས་སུ་ཞིག་ལ་ཁ་བརྡ་གློད་པར་འདོད་ཀྱང་ཁ་བརྡ་གང་ཡང་མ་ནུས་པའང་བར་ཐག་ཡིན་པ་དེ་བས་ཀྱང་ཤེས་ཡོད།

ཉི་མ་ནུབ་ཁའི་ལ་རྩེར་སླེབས་མེད་ཀྱང་། ངས་སང་ཉིན་གྱི་སྐྱ་རེངས་ལ་རེ་སྒུག་བྱས་ཏེ་ཉི་ནུབ་ལ་ཁ་ཕྱོགས་ཏེ་བསྡད། སྐབས་དེར་ངས་སུ་ཞིག་དྲན་པའི་ན་ཟུག་སེམས་ཀྱིས་མྱོང་བ་དང་སེམས་པའི་སྒོ་ཁར་ཐོན་པར་འདུག ། དེ་ལྟར་བཤད་ན་ང་རང་བུ་མོ་དེར་དགའ་སོང་བ་འདྲ། ཟུར་མིག་འཁྱར་འཁྱོར་དེ་དང་རྒྱབ་གཟུགས་དེར་དགའ་སོང་བ་འདྲ། སྐབས་རེར་སྐད་ཆ་འདི་དག་ནི་ཁྲེལ་མེད་ཀྱི་བྱ་སྤྱོད་ཅིག་རེད་སྙམ་གྱིན་འདུག །

བུ་མོ་དེས་རྣ་ལོང་དང་སྐེ་རྒྱན་གང་ཡང་མི་བཏགས། ངོ་ལ་ཚོན་ཡང་མི་བྱུགས། ནམ་ཡིན་ནའང་ཤོམ་ཤོམ་དེ་འདྲ་བྱེད་མི་དགོས། བབ་ཆགས་ཤིག་ཡིན། ཧ་ཅང་སེམས་སུ་འཕྲོད་པ་ཞིག་ཡིན། འབྲོག་མོ་དཀྱུས་མ་ཞིག་ཡིན། ཡིན་ནའང་ངེད་གཉིས་ལ་སྒེར་འབྲེལ་གང་ཡང་མེད། གནས་སྟངས་འདི་ལོ་ཟླ་སྐྱ་སྐྱ་ཞིག་དང་ཤིན་ཏུ་འདྲ། སྐབས་རེར་ང་རང་སངས་རྒྱས་བཞིན་དུ་ཙོག་གེར་བསྡད་ཡོད། སྐབས་རེར་མོ་རང་སྒྲོལ་དཀར་བཞིན་ཏུ་ཀྲོང་ངེར་འགྱིངས་ནས་ཡོད།

ངེད་གཉིས་ནི་ཉི་ཟླ་དང་འདྲ་བར་གཅིག་ཤོས་འཆར་ཚེ་གཅིག་ཤོས་ནུབ་འགྲོ། ནུབ་པ་ཙམ་མ་ཟད་ཞག་མ་ལྔ་དྲུག་ཙམ་དང་། ཟླ་བ་དང་ལོ་ལ་ཚུར་ཡོང་མེད་འགྲོ། ཚུར་ཡོང་མེད་པ་དེ་སེམས་སྡུག་ཅིག་ཡིན། རྩེད་རོགས་མེད་པ་དང་། ཚེ་མི་ཆོད་པའི་སྣང་བ་ཞིག་ཡིན། འཚོ་བ་འདི་ཨ་ལ་པ་ལ་རང་རེད་འདུག ། ཡི་གའང་ཆད་འགྲོ།

འབྲི་མཚམས་འདི་ནི་ཞོགས་པ་ཞིག་ཡིན། ཆར་སིམ་སིམ་འབབ་ཀྱིན་འདུག། སྨུག་པའང་མང་པོ་འདུག། སྒེའུ་ཁུང་འཁྲིས་ཀྱི་ཆར་ཞོད་ཀྱི་སྒྲ་དེ་རྣ་ལ་གཟན་པ་ཨང་། ང་ནི་ལྷིང་འཇགས་ལ་དེ་ཙམ་མི་དགའ་ཡང་། སུན་སྣང་ལ་དེ་བཞིན་དགའ་མ་སོང་། སྐབས་འདིར་གཞས་སྙན་མོ་ཞིག་གཏང་རྒྱུ་རྙེད་ན་ཅི་མ་རུང་སྙམ། དབྱངས་ནི་གྲིམ་ལྷོད་རན་པ་དང་ཚིག་ནི་གདུང་བའི་ཚོར་བ་སྟེར་ཐུབ་པ་ཞིག ལེན་མཁན་ལ་ཡང་སྒྱུ་རྩལ་ཅུང་ཙམ་ཡོད་པ་ཞིག་འཚོལ...... “བརྩེ་གཞས”་རྙེད་བྱུང་། སྒྲོལ་མ་སྐྱབས་ཀྱིས་བླངས་འདུག ། ཚིག་ནི་བདེ་གྲོལ་རེད་བཞག ། དབྱངས་ནི་སུ་ཡིས་བརྩམས་པ་མ་ཤེས། བརྗོད་བྱ་ནི་སྙིང་སྡུག་རེད་འདུག་པས་དེ་བས་ཀྱང་ང་ལ་འཚམས་འདུག ། ང་རང་བདེ་གྲོལ་གྱི་སྙན་ངག་ལ་དགའ་པོ་མེད། ཡིན་ནའང་བརྩེ་གཞས་ཞེས་པ་ནི་བདེ་གྲོལ་གྱི་སྙན་ངག་དང་རྩ་བ་ནས་མི་འདྲ་སྙམ། ཨོ་ཨོ..འགྲིག་མ་སོང་། ད་མྱུར་དུ་མ་སོང་ན་ཞོགས་ཇ་རག་རྒྱུ་མ་རེད།

ཞོགས་ཇ་ཞིམ་པོ་ཞིག་བཏུང་རྗེས། ཞིམ་པོ་ཞེས་བཤད་ནའང་ཡུལ་འདི་ནས་ཇ་ལ་ཚ་མེད་པ་དང་། རྩམ་པ་ནག་པོ་ཡིན། ཡིན་ནའང་ལོབ་ཚར་འདུག ། ཞིམ་པོ་རེད། ཞོགས་ཇ་ཞིམ་པོ་ཞིག་བཏུང་རྗེས། སློབ་ཚན་གྱི་བསྐྱར་སྦྱོང་ལ་འགྲོ་འདོད་མེད། ཁྱིམ་དུ་སྐྱིད་པོ་བསྡད་ན་སྐྱིད་པོ་ཡིན། གཉིད་ནས་བསྡད་ན་དེའང་མི་ཆོག་རྒྱུ་མེད་པ་འདྲ། ཡིན་ནའང་བསྐྱར་སྦྱོང་ལ་མ་སོང་ཚེ་རྒན་ལ་གུས་བཀུར་མེད་པ་དང་གཅིག ། རང་ལའང་འདང་མ་བརྒྱབ་པ་རེད་འདུག་སྟེ། ཁྱིམ་ནས་བསྡད་ན་སྐྱིད་པ་འདྲ། སུག་རྐྱོང་ལག་རྐྱོང་གི་ངང་ནས་རྟོག་པའི་སྣང་བ་རྒྱང་རིང་ལ་སྤྲིངས་ན་དགའ་བ་འདྲ།

སྤྱིར་ན་རབ་བྱུང་ནི་ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་བཤད། དེ་ལྟར་ཡིན་དུ་ཆུགས་ཀྱང་། ཁྱིམ་མེད་པ་འདིའང་འཁོར་བ་དང་། བཤད་གྲྭ་ཡང་འཁོར་བ་དང་། དགོན་པ་ཡང་འཁོར་བ་རང་རེད་འདུག ། དགའ་བ་ཡོད་པ་དང་། འཁོན་རེས་ཡོད་པ། ང་རྒྱལ་ཡོད་པ་དང་། ཞེ་སྡང་ཡོད་པ། འདི་དག་འཁོར་བ་མིན་ན་འཁོར་བ་མེད་པས་ཁྱབ། དཔེ་ཀློག་ཅིག་བྱས། རང་སྣང་ཡང་མཐོ། རྩོད་པ་ཞིག་བཏང་། ཚར་ཡང་བརྒྱབ། རྩོམ་ཐུང་ཞིག་བྲིས། གཞན་ལས་ཀྱང་བརྐུས། ཨ་ཙི། མཚར་བ་ལ། དངོས་གནས་འཚོ་བ་འདི་མཚར་མོ།

བུ་མོ་དེ་ཡང་ཡང་དང་ཡང་ཡང་དུ་དྲན། ནམ་མཁའ་ལ་བལྟས་པས་ནམ་མཁའ་ལ་འཆར་བྱུང་། སྤྲིན་པ་ནག་པོ་དེས་བསྒྲིབས། ཆུ་བོ་ལ་བལྟས་པས་ཆུ་བོ་ལ་ཕེབས་བྱུང་། ལྦུ་བ་དཀར་པོ་དེས་དེད། བུ་མོ་དེ་དྲན་མི་ཆོག་པ་རེད་འདུག ། དྲན་མི་ཆོག ། ཐ་ན་རྟོག་པའི་ལྡེབས་སུ་སྣང་མི་ཆོག་པ་འདྲ་ཨང་། ཞེ་སྡང་ནི་མེ་ལྕེ་བཞིན་དུ་འབར། མདུན་གྱི་ཅོག་ཙེ་ལ་ཁུར་ཚུར་གཟེར་ཐག་ཆོད་ཅིག་སྤྲད་དགོས་ཐུག ། གཟེར་ཐག་ཆོད་པ་ནི་རང་ལག་རེད་བཞག ། ཨ་ར་ར། ཞེ་སྡང་གིས་རང་ཉིད་ཕུང་པ་འདྲ།

དེ་རིང་ཚེས་པ་གནམ་གང་ཡིན། གནམ་གང་ནི་ངལ་གསོའི་དུས་ཚོད་ཡིན། ངལ་གསོའི་སྐབས་སུ་སྤོ་ལོ་(ལྒང་ལི)རྩེ་ཆོག་པས་གྲོགས་པོ་ཁ་ཤས་ཀྱིས་སྤོ་ལོ་རྩེ་རུ་འགྲོ་ཞེས་སྐད་བརྡ་བཏང་སོང་། ངས་སྐར་ཆ་རེ་ཟུང་ཞིག་སྒུག་རོགས་དེ་ནས་འགྲོ་ཞེས་བཤད། ཡ་ཡ་ཟེར....། སྐར་མ་མང་པོ་འགོར་སོང་། གྲོགས་པོས་ཡང་བསྐྱར་སྒེའུ་ཁུང་འགྲམ་ནས་སྐད་བརྡ་བཏང་སོང་། ངས་ཡང་བསྐྱར་ཡ་ཡ་ཞུས་པ་ཡིན.....། 

  • ལེ་ཚན་སྔོན་མ།:ཨ་མ་དྲན་པའི་མིག་ཆུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།