ཆེས་མཐའ་མཇུག་གི་ཉིན་མོ།

སད་མི།        2021-11-08

ང་རང་འཆི་ཐག་ཆོད་ཀྱི་ཉིན་མོ་ཞིག་ཡོད་ངེས་ཡིན། དེ་ནི་སྐར་ཆ་གཅིག་གི་རྗེས་དང་ལོ་ཟླ་མང་པོ་ཞིག་གི་འཁྲིས་སུ་ཡོད་མེད་ནི་སུ་ཡིས་ཤེས་བཏུབ། ངས་ཀྱང་ཤེས་པར་མི་འདོད་དེ། དེ་ནི་འཇིགས་སྣང་ཁྲོད་ཀྱི་དངངས་ཚབ་ཆེ་ཤོས་ཤིག་ཏུ་བདོག་པས་ཡིན། འདི་ལྟར་མོལ་དུས་ང་རང་ནི་ནང་ཆོས་ཀྱི་ལྟ་བ་དབེན་པའི་ཐ་མལ་པའི་གྲྭ་རྐྱང་ཡིན་པའང་ཚོར་འགྲོ། ཅིའི་ཕྱིར་ཅེ་ན། ལས་འབྲས་ཀྱི་རྣམ་གཞག་དང་སྐྱེ་འཆིའི་ངོ་བོ་ལ་གསལ་སྣང་གི་མངའ་དབང་འབྱོར་བའི་གྲུབ་ཐོབ་ཅིག་དང་བླ་སྤྲུལ་ཞིག་ཡིན་ཚེ། སྐྱེ་འཆིའི་ཚང་མལ་ནི་དབྱར་དགུན་གྱི་ནམ་ཟླ་དང་གློ་བུར་གྱི་འཇའ་ཚོན་བཞིན་དུ་བསྒོམས་ཡོད་པས་ཡིན།

ང་རང་འཆི་ཐག་ཆོད་ཀྱི་ཉིན་མོ་དེར། ངའི་ངོ་གདོང་ལ་འཛུམ་གྱིས་ཕྱུག་ཡོད་དམ་ཡང་ན་སྡུག་བསྔལ་གྱི་ཞེ་དགུ་ཚེས་ཡོད། དེ་ནི་མི་ཚེའི་ལོ་རྒྱུས་ལ་ཅེར་བའི་ཕྱིར་མིག་གིས་བདེན་དཔང་དང་ཆིངས་ཡིག་འབྲི་དགོས་པ་ཡིན་ཙང་། འདི་ནས་ཚད་ཤིང་བཞག་སྟེ་ས་མཚམས་དང་ཆུ་མཚམས་ཕྱེ་རྒྱུ་ག་ལ་ཡོད། དེའི་ཕྱིར་ཚེ་སྲོག་གི་རི་མོ་མ་ཡལ་གོང་ཕྱིར་དྲན་བྱེད་རིན་ཡོད་པའི་བྱ་གཞག་ཅིག་དང་། འཆི་དུས་འགྱོད་ཚང་ཕུལ་མི་དགོས་པའི་འཇིག་རྟེན་ཆུང་ཆུང་ཞིག་བྱ་རྒྱུ་ནི་ཤིན་ཏུ་ཉམས་དགའ་བའི་སྤྲོ་སེམས་ཤིག་ཅི་ལ་མིན།

ང་རང་འཆི་བའི་ཚང་མལ་དུ་བགྲོད་རྗེས། ང་ལ་དུར་ཁྲོད་ཀྱི་མཁར་རྫོང་ཆེན་པོ་ཞིག་དགོས། ང་ལ་རྣམ་ཤེས་ཀྱི་ཁ་དོག་དམིགས་བསལ་ཞིག་དགོས། ང་ལ་ངའི་ལོ་རྒྱུས་ཀྱི་པོ་ཏི་རྩོམ་མཁན་ཞིག་ཀྱང་ཏག་ཏག་དགོས། སྐད་ཆ་འདི་དག་ངས་གཞན་སུ་ལའང་བཤད་པ་མིན། བཤད་ཀྱང་ངལ་དུབ་ཀྱི་རང་བཞིན་ཙམ་དུ་ཟད། དེས་ན་སྐད་ཆ་འདི་དག་ནི་རང་གིས་རང་ལ་བཤད་པའི་བཙན་ཤེད་ཀྱི་སྐུལ་འདེད་དང་། རང་གིས་རང་ལ་གཉའ་གནོན་གྱི་སྤོབས་སེམས་སྦྱིན་པ་ཡིན།

ང་རང་འཇིག་རྟེན་འདི་དང་ཁ་བྲལ་རྗེས། ཡང་བསྐྱར་འཇིག་རྟེན་འདི་དང་འཕྲད་པར་འདོད་དམ། ཡང་བསྐྱར་ཕ་མ་གཙོས་པའི་ཕུ་ནུ་མིང་སྲིང་དང་ཀློག་པ་པོ་དང་རྩོམ་པ་པོ་རྣམས་དང་འཕྲད་འདོད་ཡོད་དམ་ཞེ་ན། ཤིན་ཏུ་ནས་ཀྱང་འདོད་དེ། ང་ལ་ཁྲེལ་གཞུང་དང་ཕྱི་ཐག་གིས་བཞེངས་བའི་གཙང་བོ་ཆུང་ཆུང་ཞིག་དང་། མཛའ་བརྩེ་དང་བརྩེ་དུང་གིས་བསྐྲུན་པའི་འཇིག་རྟེན་གོར་གོར་ཞིག་ཀྱང་ཡོད་པས་སོ། །


  • ལེ་ཚན་སྔོན་མ།:དོན་དུ་རིན་ཐང་ཅི་ཞིག་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།