ཚིག་ལ་སྦྱར་བའི་སྣང་སེམས།

འབུམ་ལྷ་སྲས།        2021-11-08

ཁ་བའི་འདབ་མ་གར་གྱིས་རྣམ་པར་རོལ།།

སེམས་པའི་གཞུང་དུ་ཁྱེད་རང་གསལ་བོ་མངོན།།

རབ་དབེན་ཆོས་དང་འདྲེས་པའི་གནས་འདི་རུ།།

བདག་གི་ཁེར་རྐྱང་དྲན་གདུང་ག་ཙམ་ཡོད།།

ཤིན་ཏུ་ལྷིང་འཇགས་ཞོགས་ཁའི་མཛེས་སྡུག་སོགས།།

ཞི་བའི་ཚུལ་དེ་མིག་ཏུ་བསྟར་ཙམ་གྱིས།།

ཁྱེད་ཅེས་སེམས་ཀྱི་པང་དུ་ཡང་ཡང་ལྷུང་།།

བསྒྱུར་དཀའི་བག་ཆགས་འདི་ཉིད་ལྕི་བར་སྣང་།།

ཤུགས་འབྱུང་དྲན་པས་ཁྱེད་རྗེས་འབྲང་དེ་བྲོས།།

ན་ཟུག་ཁྲི་འབུམ་ཡིད་ཀྱི་ཟླ་བོར་སྤྲུལ།།

མིག་ཟུང་རབ་ཏུ་བགྲད་པའི་རེ་སྒུག་འདིར།།

ཕྱིར་ཡོང་བདུད་རྩིའི་ཆར་རྒྱུན་འབབ་ཏུ་གསོལ།།

སྒེག་ལྡན་ཆུ་འཛིན་རྒྱུ་བའི་མཚམས་དག་ཏུ།།

ཡིད་འོང་ངང་བ་སྐྱིད་པའི་གནས་སུ་ཆས།།

དེ་ཡི་རྣམ་པར་རོལ་བའི་ཁོ་བོ་ཡང་།།

འདབ་ལྡན་རྩལ་གྱི་དཔའ་མཐུ་མངའ་ན་བསམ།།

སྟོན་གྱི་སྡོང་ལོའི་ཚོགས་དང་བདག་ཉིད་ནི།།

རང་དབང་བྲལ་དེ་གཞན་གྱིས་བཀའ་རུ་ཚུད།།

ཆོས་པའི་གཟུགས་སུ་བཞེངས་པའི་རི་མོ་ལས།།

སེམས་ཀྱི་རྟོག་པ་འཁོར་བའི་གྲོང་དུ་རྒྱུ།།

ངོ་མཚར་རང་བྱུང་མགུར་གྱི་ནོར་དབེན་ཡང་།།

བཅོས་མིན་ཁོ་བོའི་སྲིད་པ་འདི་རུ་བྲིས།།

གང་དེ་སྒྱུ་འཕྲུལ་རྫུན་ལས་ལྡོག་པ་ཞིག།

རང་བཞིན་གསལ་ལ་དྭངས་པའི་ཚུགས་ཀ་ཉིད།།

  • ལེ་ཚན་སྔོན་མ།:ཁྲོ་ལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།