རྒྱང་གི་སྐར་མ་སྨིན་དྲུག།

སད་མི།།        2021-11-04

ད་ནི་དབྱར་གྱི་ཚོན་ལྡན་མེ་ཏོག་གི །

འདབ་ལོ་གྲུག་སྟེ་མདུན་དུ་ཟགས་ཤིང་མཆི། །

འོལ་གྱིས་བལྟས་པས་འཇིགས་སྣང་མ་བྱུང་སྟེ། །

གདེང་གིས་བལྟས་པས་དངན་པ་འཐེན་དགོས་བྱུང་། །

དེ་ལྟར་རྒྱང་རིང་ཡུལ་གྱི་སེམས་སོང་མིའི། །

མཛེས་པ་དག་ཀྱང་ག་ལེར་འཐོར་སོང་ངམ། །

ཁྱོད་ཀྱི་མཛེས་པ་རེ་རེ་མི་སེམས་རེ། །

སྟོན་ཟླ་སྐྱ་བོའི་ཁྲོད་ཀྱི་མི་སེམས་ནི། །

དགུང་གི་སྐར་མའི་ཚོགས་ལ་ཅེར་ནས་ཡོད། །

སྲོད་ཀྱི་བྱ་ཁྱུའི་གདང་ལ་བསྒུགས་ནས་ཡོད། །

བདག་ཀྱང་དམིགས་པ་ཁྱོད་ཀྱིས་རྐྱེན་བྱས་ཏེ། །

དྲན་གདུང་མཚོ་མོའི་ནང་དུ་ལྷུངས་ནས་ཡོད། །

ཚོར་ཤེས་ནམ་མཁའ་སྟོང་པས་མི་ཁོག་ཅིང་། །

མཛའ་བརྩེ་ས་ཐག་རིང་པོས་ཅིའི་ཕྱིར་ཁོག །

ནག་པོ་སྐྲ་ནི་སིལ་བུར་འཕྱངས་ཤིང་གཡོ། །

དེ་ཡིས་ཁོ་བོར་ཞེན་པ་ཉིས་བརྩེགས་བྱས། །

དམར་པོ་མཆུ་ནི་ཟུམ་ཞིང་མུར་མུར་འཛུམ། །

དེས་ཀྱང་ཁོ་བོར་ཞེན་པ་སུམ་བརྩེགས་བྱས། །

ད་ནི་ནམ་མཁའ་དྭངས་བའི་སྐྱ་རེངས་ཤར། །

ཤེས་རབ་གྲིམ་ལྷོད་རན་པའི་སྒོམ་པ་བྱས། །

འཕྲལ་དུ་ཐོབ་ཤོར་མིན་པའི་འདས་པ་དྲན། །

དྲན་པ་ཉམས་ལེན་གཞོམ་པའི་རྒྱུ་རུ་སོང་། །

དབེན་གནས་ཉོན་མོངས་བརྡོལ་བའི་རྐྱེན་དུ་ཐལ། །

ངེས་འབྱུང་ཞེ་སྡང་སྟུག་པའི་མན་ངག་འདྲ། །

འདི་དག་རྒྱང་རིང་རི་བོའི་ཟོམ་ནས་ཐོན། །

བདག་གིས་ཆུ་ཕྲན་བཞིན་དུ་འགོག་མ་ནུས། །

ཆུང་གྲོགས་མེ་ཏོག་བཀད་པའི་གས་ཁ་ཡིན། །

ད་ནི་ཡངས་ཤིང་ཆེ་བའི་ས་གཞི་འདིའི། །

རྩི་ཤིང་ལོ་འདབ་དག་ནི་རླུང་གིས་སྤུར། །

འཚུབ་རླུང་བསིལ་བུ་དེ་ཡང་ཙག་གིས་བཟུང་། །

སྟོན་ཟླ་ཐ་མ་དེ་དང་གྲ་སྡེབ་ཀྱིས། །

དགུན་ཟླའི་འཁྱག་རོམ་ཚུར་ཚུར་ཐོན་པ་འདྲ། །

ཨེ་མ་ནམ་མཁའ་དྭངས་བའི་ཕ་ཡུལ་ན། །

ཁ་བ་བབས་ཤིང་སྤྲིན་ནག་འཁྲིགས་སོ་སྐད། །

སྨུག་པ་འཕྱུར་ཞིང་ཤར་ཆུ་ཞོགས་སོང་ཟེར། །

འཛུམ་གྱིས་མུ་ཏིག་བསྟར་བའི་མེ་ཏོག་ཅེས། །

ཁོ་བོས་ལན་བརྒྱར་བསྙེན་པའི་མཛའ་ན་སྡུག །

ནགས་ཀྱི་ལྗོན་པ་བཞིན་དུ་གནས་ལགས་སམ། །

ནགས་ཀྱི་ལྗོན་པ་དག་ནི་སྨུག་པས་དཀྲིས། །

སྨུག་པ་ཉི་མའི་རྡུལ་གྱིས་དེང་བར་བྱས། །

ཁྱོད་ཀྱང་ཉི་མའི་འོད་ལ་གབ་ཅིང་བྲོས། །

མཚན་ངོགས་ཟླ་བའི་བསིལ་ལ་དགའ་ན་ཡང་། །

ཁེར་རྐྱང་སྨག་ལ་འཇིགས་ཤིང་སྨག་ལའང་བྲོས། །

དེ་ཕྱིར་ཤིན་ཏུ་འགྱོད་པའི་སྣང་བ་ནི། །

སྐྱེ་བ་འདི་ནི་སྐྱེས་པ་ཁོ་ནར་ཟད། །

ད་ནི་མགྲིན་པ་ལོངས་སྤྱོད་ཁང་བུ་ནས། །

ཁྱོད་ལ་བརྩེ་བའི་ཟམ་ཆེན་མི་འཐེན་པར། །

ཅུང་ཟད་སྨྲེངས་ཤིང་ཅུང་ཟད་འདར་བ་ཡི། །

ངག་གི་རྒྱུད་མངས་འདི་ལ་གཡེང་བར་བྱེད། །

ནམ་མཁའི་སྤྲིན་དཀར་འདི་དང་ལྡིང་སྐོར་བྱེད། །

བསིལ་རླུང་ཤུར་རྐྱང་འདི་དང་ཤག་འགྲོས་བྱེད། །

ཕྱི་རོལ་རྒྱ་མཚོ་དང་ནི་ཤོང་ཆེན་དང་། །

སྲོད་ཀྱི་ཉི་ནུབ་སོགས་ལ་ཅེར་བ་ནི། །

ཁྱོད་དང་བར་ཐག་འཇོག་པའི་ཉེར་བསྡོགས་ཡིན། །

ད་ནི་གཟུགས་ཀྱིས་བར་ཐག་བཅད་ན་ཡང་། །

རིག་བྱེད་གཟུགས་ཀྱིས་གཟུགས་མེད་མི་ཁོག་པས། །

སེམས་ནི་ནམ་མཁའ་ལྟ་བུའི་སྟོང་པའི་ངང་། །

ཁྱོད་ཀྱི་ལུས་ལ་ཐོགས་པའི་གྲིབ་སྨག་བཞིན། །

རྒྱ་ལྕང་སྐྲ་ཡིས་བསླས་པའི་ལན་བུ་བཞིན། །

གསེར་དངུལ་ཤན་ལ་སྦྱོར་བའི་མཛུབ་དཀྲིས་བཞིན། །

ཚེ་རབས་ལས་ཀྱིས་བྲིས་པའི་གཉེར་མ་བཞིན། །

མི་འདོད་ལས་ཀྱིས་དེད་པའི་ཟག་ཕུང་བཞིན། །

ཁྱོད་ཀྱི་སྲེད་བུ་ཙམ་ལའང་ཕྱོགས་ཏེ་མཆི། །



  • ལེ་ཚན་སྔོན་མ།:མེ་ཕུང་ནང་གི་གཞས།
  • ལེ་ཚན་རྗེས་མ།:ལྷ་མོ་དྲན་པའི་གླུ་ཆུང་།