མེ་ཕུང་ནང་གི་གཞས།

གཡུ་ཆུང་ཡེ་རྡོར།        2021-11-03

ཞེ་སྡུག་གི་གཞས་ལ་རྫོགས་མཐའ་བྲལ་བ་བཞིན།

འཚོ་བའི་ངལ་དུབ་ཀྱང་སངས་མ་སོང་།

འཁོར་བའི་ངོས་སུ་འཕུར་བའི་འབུ་འདིའང་།

ང་ཡིས། ཞེ་སྡུག་གི་མཆི་མ་རྡོག་གཅིག་ཅི་ལ་མིན།

མི་ལགས།

ཞེ་སྡུག་དང་འཆི་བའང་།

ངལ་དུབ་དང་ཟུག་རྔུའང་།

དཀའ་ཐུབ་ཀྱི་སྐྱེས་བུ་བཞིན།

སྲ་བརྟན་གྱི་དཔུང་བ་ཉི་མར་ལྡེ་བའོ།།

ང་རང་། འཁོར་བའི་གཟེབ་ཏུ་

ལྷུང་བའི་བྱ་ཞིག་ཡིན།

ཁྱེད་ཀྱང་། ཉོན་མོངས་ཀྱི་བཀའ་

རྒྱ་ལས་མ་འགོངས་བས།

རང་གཉིས། རྒྱུན་ཐག་གཅིག་གི་བྱུ་རུ་དེ་ཡིན།

མ་གཞི། མྱ་ངན་གྱི་རྫིང་བུ་རུ།

ནང་སེམས་ཀྱི་སྐྱིད་སྡུག་ཁ་བ་

བཞིན་འབབ་ཆོག་ཀྱང་།

སྡུག་བསྔལ་གྱི་གཞས་འདི།

སུས་ཀྱང་མྱོང་ཐུབ་ཀྱིན་མི་འདུག།

རི་རབ་དང་གཙང་པོའང་།

བརྩེ་དུང་གི་སྐུད་པ་བསླེས་མ་ཞིག་སྟེ།

ས་ཆེན་གྱི་བརྩེ་བས་འཁུར་བའི།

དམ་ཚིག་གི་ཆོས་འཁོར་དེའོ།།

མི་ལགས། དྲན་གདུང་གིས་ཅི་ཡང་

མཚོན་མི་གཏུབ་ཀྱང་།

ཞེ་སྡུག་གི་མིག་མཐའ་རུ། སྡུག་བསྔལ་

གྱི་མཆི་མ་མཚོ་མོ་བཞིན་བསྐྱིལ་ཡོད།

གྱེས་བྲལ་དེའང་། རྨི་ལམ་གྱི་རླུང་

དམར་བཞིན། ཡང་ན།

བྱེ་རླུང་བཞིན།

ང་ལ་ཁྱེད་རང་མཚོན་བྱེད་ཀྱི་གཞས་ཤིག་ལས།

ང་ལ་ཁྱེད་རང་མཚོན་བྱེད་ཀྱི་སྙན་ངག་ཅིག་ལས།

ཁྱེད་རང་། མཚོན་བྱེད་ཀྱི་སྙིང་

དམར་པོ་ཞིག་གདོན་མི་ནུས་སོ།།

ཆུ་མོ་ཤང་ཤང་ལ་ལྟོས་དང་།

ཤང་ཤང་བཞུར་བའི་རི་རྒྱུད་ལ་ལྟོས་དང་།

དྲན་པའང་། སྐད་ཅིག་ཙམ་ལ་མཚམས་

འཇོག་མ་མྱོང་བ་དེ་མཚོན་ནུས།



  • ལེ་ཚན་སྔོན་མ།:ལས་ཀྱི་རླུང་བུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།