མཚན་མོ། སྒེའུ་ཁུང་།

ལས་དབང་།        2021-10-20

མཚན་མོ། འུག་པ་ཁོ་ནར་དབང་བའི་

འཇིག་རྟེན་ནག་པོའོ།།

མཚན་མོ། མནལ་ལམ་གྱི་སྒོ་མོ་འབྱེད་པའི་

དུས་ཚོད་ནག་པོའོ།།

སྒེའུ་ཁུང་གིས། ལོ་ཟླའི་ཆར་ཆུ་ཁུར།

སྒེའུ་ཁུང་གིས། སྐར་ཚོགས་ཀྱི་མིག་ཆུ་རུམ།

མཚན་དགུང་ལ་སླེབས་སོང་།

བདག་སྒེའུ་ཁུང་གི་འགྲམ་དུ་ཙོག་པུར་བསྡད་

དེ་སྣང་མེད་ཀྱི་དབྱིངས་ན་འདར་སིག་སིག་བྱེད་

ཀྱིན་པའི་སྐར་མའི་ཚོགས་ལ་ཅེར།

ངས“འདར་སིག་སིག་བྱེད་ཀྱིན་པའི་སྐར་མ་

འདི་དག་མེས་པོ་སུ་ཞིག་གི་མིག་ཆུ་ཡིན”

ཞེས་སྐད་གསང་མཐོན་པོས་བོས་པ་ན།

ང་ལ“འདར་སིག་སིག་བྱེད་ཀྱིན་པའི་སྐར་

མ་འདི་དག་མེས་པོ་སུ་ཞིག་གི་མིག་ཆུ་ཡིན”ཞེས་

ཕྱིར་ལ་འཁོར་ཡོང་བའི་བྲག་ཅ་མ་གཏོགས་ཨ་

ལེན་སྟེར་མཁན་གཅིག་ཀྱང་མི་འདུག།

མཚན་སྨད་ཀྱི་དུས་ཚོད་གཉིས་པར།

ང་རང་མལ་ཁྲིའི་སྟེང་ལ་གན་རྐྱལ་དུ་ཉལ་ཏེ་ཟླ་

འོད་ཀྱི་འོག་ཏུ་གཉིད་ལ་ཡུར། གཉིད་དུ་ཡུར་

རྗེས་མནལ་ལམ་ཞིག་རྨིས།

མནལ་ལམ་དུ་ནམ་མཁའ་དང་ཁ་ཐག་ཉེ་བའི་

ཡུལ་ལྗོངས་ཤིག་དང་ཡུལ་ལྗོངས་དེའི་རང་

དབང་མེད་པའི་མི་ཚོགས་དག།

མནར་གཅོད་ཀྱིས་གཟིར་ཏེ་འཁྲུག་འཁྲུག་

འདར། འཁྲུག་འཁྲུག་འདར།

རྒྱུན་པར་ང་རང་སྒེའུ་ཁུང་གི་འགྲམ་དུ་དཔེ་ཀློག་

བྱེད་རྒྱུར་དགའ་ཞིང་།

བསམ་གཞིག་བྱེད་རྒྱུར་སྤྲོ། མཚམས་ལེན་རེར་

རྒྱང་རིང་ལ་མིག་ཟུང་སྲིང་ཞིང་སྐབས་ལེན་རེར་

ཁ་རོག་གེར་སྙན་ངག་འབྲི་རྒྱུར་གོམས།

སྒེའུ་ཁུང་། སྙན་ངག་པའི་མནོ་བསམ་གཏོང་ས།

སྒེའུ་ཁུང་། སྒྲོན་འོད་ཀྱི་རྣམ་ཤེས་འཐིམ་ས།

ཧ་ཅང་ལྷིང་འཇགས་ཀྱི་མཚན་མོ་འདི་ནས།

རི་བོ་དང་ཆུ་བོ་གཉིས་ལས་ཡུར་ཞིང་མི་ཚོགས་

དག་རྨི་ལམ་གྱི་སྒོ་མོ་འབྱེད་བཞིན་ཡོད་ནའང་།

ཟླ་འོད་འོག་ཏུ་སྐར་མ་ཁ་ཤས་འཚེར་

གྱིན་ཡོད་ཨང་།

  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་ཁ་བ་འབབ་སྟངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།