ནོར་དང་མིའི་བསྟན་བཅོས།

ཚེ་རིང་རྣམ་རྒྱལ།        2021-10-18

ནོར་ལ་འཚོ་སྐྱོང་བྱས་པ་ཡིས།།

ཤ་མར་འོ་མས་བདག་པོ་གསོ།།

མི་ནི་ཆུང་ནས་གཉོར་ན་ཡང་།།

ཕ་མའི་དགྲ་རུ་ལངས་པ་མང་།།

ནོར་ནི་རྩྭ་ཡིས་འགྲངས་པ་ན།།

མ་བསྡུས་པར་ཡང་ལྷས་ལ་འདུ།།

མི་ཉིད་ཕྱུག་པོར་ཆགས་ན་ཡང་།།

འདོད་པའི་ཁོ་ཐག་ཆོད་དུས་མེད།།

ནོར་ལ་བེའུ་བཙས་པའི་ཚེ།།

ཁྲུ་མ་ལྡག་ཅིང་འོ་མས་གསོ།།

མི་ལ་བུ་ཕྲུག་བྱུང་ན་ཡང་།།

མི་གཙང་ཁྲོད་དུ་དོར་བ་མང་།།

ནོར་གྱིས་ལུས་ལ་སྐྱེ་བ་ཡི།།

རྩིད་པས་བདག་པོར་མགོ་སྦྲ་འབུབས།

མི་ཡིས་རང་གི་ལུས་སྐྱེད་པའི།།

མ་ཡང་ཁྱིམ་ནས་འདོན་པ་མང་།།

ནོར་ནི་གདང་ལ་བཏགས་པ་ན།།

སླད་མར་རང་གནས་ངེས་པར་བྱེད།།

མི་ལ་ལས་འབྲས་བསླབས་ན་ཡང་།།

ལྟུང་བའི་ས་བོན་འབའ་ཞིག་འདེབས།།

ནོར་གྱིས་གཤེད་མ་སྤྱང་ཀི་ལ།།

ཞེ་སྡང་དྲག་པོས་རྒོལ་ལན་སྤྲོད།།

མི་ལ་ཉོན་མོངས་དགྲ་བོ་ཡིས།།

ཀུན་ཏུ་མནར་ཡང་བྲན་ལྟར་འདུད།།

ནོར་གྱིས་རེག་བྱའི་བདེ་བའི་ཆེད །།

ལྕེ་ཡིས་ཕན་ཚུན་འབྱོག་པར་བྱེད །།

མི་ཡིས་ཟས་དང་གོས་ཀྱི་སླད།།

སྤུན་ཡང་གཡོ་དང་རྫུན་གྱིས་བསླུ།།

ནོར་ལ་འཚེ་བའི་དགྲ་བྱུང་སྟེ །།

འབྲོ་དགོས་ཐུག་ཀྱང་རྔ་མ་སྲུང་།།

མི་ཉིད་གལ་ལ་ཐུག་པ་ན།།

ཁྲེལ་དང་ངོ་ཚ་བོར་བ་མང་།།

ནོར་ནི་རྟོད་ཐག་གློད་པ་ན།།

ཕྱིར་མིག་མི་འཕེན་དམིགས་སར་འཇུག།

མི་ལ་ཐར་བའི་ལམ་བསྟན་ཡང་།།

ཉོན་མོངས་དབང་གིས་འཁོར་བར་འཁྱམས།།

ནོར་གྱིས་གདོང་རིས་ཟིན་པ་ཡི།།

བདག་པོར་རྭ་ཡིས་འཚེ་བ་སྤངས།།

མི་ལ་དཀའ་དུས་ཕན་བཏགས་ཀྱང་།།

འབྱོར་ཚེ་བར་ཐག་བཀྱེད་ནས་འགྲོ།།

ནོར་ནི་གདང་ལ་བཏགས་ན་ཡང་།།

མི་འདོད་རྣམ་འགྱུར་གཞར་ཡང་མེད།།

མི་ལ་དགེ་བའི་འགྲིག་བཞག་ཀྱང་།།

དེ་མ་ཉིད་དུ་འགལ་ལ་ལྟོས།།

ནོར་ལ་རྭ་ཅན་བྱུང་ན་ཡང་།།

སྲོག་ལ་འཁུ་བའི་ལས་མི་བགྱི།།

མི་ལ་དལ་འབྱོར་ཚང་ནའང་།།

སྡིག་ལས་བྱེད་མཁན་མང་ངོ་ལྟོས།།

ནོར་ལ་ཉེ་བར་མཁོ་བ་ཡི།།

རྩྭ་ཆུ་མ་གཏོགས་གུད་དུ་འདོར།།

མི་ཡིས་སང་དང་ཕྱིས་ཀྱི་ཆེད།།

མཐོང་ཚད་གསོག་ཅིང་དེ་ལ་འཇུངས།།

ནོར་ལ་མཐོ་སྒང་གྲུ་གཟིངས་ཞེས།།

མཚན་སྙན་བཟང་པོའི་ཆོ་ལོ་ཡོད།།

མི་ཡིས་ཚུལ་མིན་ལས་བགྱིས་པས།།

ཤི་ཡང་མཚང་མིང་གནས་ལ་ལྟོས།།

ནོར་ནི་ནོར་བུ་ཆེན་པོ་སྟེ།།

ལྕི་བ་ཚུན་ཆད་ནོར་བུ་ཉིད།།

མི་ནི་གོ་ལའི་གད་སྙིགས་སུ།།

གྱུར་པ་ཉུང་ཉུང་ག་ལ་ཡིན།།

ནོར་དང་མི་ཉིད་བསྡུར་བ་འདིས།།

རང་གི་སྐྱོན་ལ་སྣོན་མ་བཏབ།།

ད་ཀོ་རང་ཉིད་མི་ཡིན་ཞེས།།

བཤད་ལ་རང་སེམས་དོགས་པས་འཛིན།།



  • ལེ་ཚན་སྔོན་མ།:རྒྱང་ལ་བཏབ་པའི་དབྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།