འདང་བརྩེའི་རླབས་སྒྲ།

ལྡེའུ་ནག        2021-10-11

ལག་གིས་ཟིན་པར་མི་གྱུར་ཀྱང་། །

ཚིག་གི་མདངས་ལ་བཅུད་ཕྱུང་སྟེ། །

ཨེ་མ་བརྩེ་དགའི་ཕོ་བྲང་ནང་། །

གཟུགས་མི་མཐོང་བའི་ཟླ་བ་བྲིས། །

ཟླ་བ་དེ་ནི་ཁྱོད་དང་མཚུངས། །

ཁྱོད་རང་ཟླ་བའི་འོབས་སུ་སྦས། །

ངག་གི་དྲིལ་ཆུང་སྒྲོག་པའི་དབུས། །

ཟུར་ཙམ་ཁྱོད་ཀྱི་ཆ་ཤས་བཤད། །

སྲོད་ལ་འཕྲིན་པའི་ཤོག་བྱ་བཏང་། །

ལོ་ཡི་འཁོར་མོ་གྲངས་ལས་འདས། །

དེ་ལྟར་མི་ཚེའི་ཕྲེང་ཐག་ཀུན། །

འཛད་དུ་འཇུག་པར་མི་འདོད་པས། །

རྟོག་པའི་སྐྱེད་ཚལ་སྤུང་བའི་ཁྲོད། །

མཛེས་ཉམས་བརྒྱ་ཡིས་མེ་ཏོག་བཀད། །

རྡུལ་མཚོན་འདྲེས་མའི་ཕོ་བྲང་ནང་། །

ཚེ་རབས་གཅིག་གི་ལས་ལྷ་ཤར། །

ཤར་བའི་ལྷ་དེ་ལྷ་མོའི་གཟུགས། །

ཅུང་ཙམ་ཁྲོ་ལ་མཛེས་ཉམས་ལྡན། །

གཡས་ནས་བལྟས་ན་བཞད་པ་འདྲ། །

གཡོན་ནས་བལྟས་ན་ཁྲོས་པ་འདྲ། །

དབུས་ནས་བལྟས་ན་ཡིད་གར་འོང་། །

གང་ལྟར་ཉམས་ལྡན་ཁྱོད་འདྲ་བ། །

མི་ཚེ་གཅིག་གི་བྱུང་རིམ་ཡིན། །

ལས་དབང་གཅིག་གི་རྗེས་འགྲོ་ཡིན། །

སྐར་ཚོགས་མོད་པའི་མཚན་གཞུང་དུ། །

ཚིག་གི་ཉོན་མང་འཁྲུག་པའི་ནང་། །

དབྱངས་ཀྱི་སྲེད་པ་ལན་གཅིག་གིས། །

བཟོད་ཐབས་མེད་པའི་འཁུན་སྒྲ་ཞིག །

དབང་མེད་ངང་གིས་གྲོལ་ཐལ་ལོ། །


  • ལེ་ཚན་སྔོན་མ།:མི་ཀུན་ཏུ་དགའ་བའི་ཟློས་གར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།