ལོང་ལྐུག་གཟའ་སྨྱོན། 2021-10-18
དུས་ཚོད་ཀྱི་འཁོར་ལོ་བར་མེད་དུ་འཁོར་ཏེ་དུས་རབས་ཉེར་གཅིག་གི་དུས་མགོར་སླེབས་པ་ན།འཚོ་གནས་ཀྱི་འཐབ་རྩོད་ཀྱིས་བྲེལ་བའི་མིའི་རིགས་ནི་འཕེལ་རྒྱས་ཀྱི་ཚ་རླབས་ཁྲོད་བསྐྱོམས་ནས། རུམ་ལ་སྦྲུལ་ཞུགས་པའི་ལྟར་ལུས་སེམས་ཀྱི་ཐོ་ཡོར་སྡོད་ཁོམ་མེད་པར་གྱུར་ཏེ།གནད་དང་གནད་མིན་ལ་དཔྱོད་པའི་བློ་གྲོས་ཀྱི་འཇུག་པ་ནི་དོག།ཚུལ་དང་ཚུལ་མིན་ལ་བརྟག་པའི་རྣམ་དཔྱོད་ཀྱི་ཁ་ཞེང་ནི་ཆུང་།མི་གཞིའི་ཀུན་སྤྱོད་ཀྱི་གཏད་སོ་བྲལ་ཞིང་།མི་ཆོས་སྙིང་སྟོབས་ཀྱི་རྩ་བ་རུལ་ཏེ།འཕྲལ་གྱི་ཀིམ་པར་རོལ།རང་དོན་ཁོག་ཏུ་བཅུག།རང་རྩིས་མཚོ་ལས་ཟབ་ཅིང་།རང་མཐོང་རི་ལས་མཐོ་བས།འདུན་མའི་དར་དཀར་ལ་དྲེག་པ་ཆགས།མི་གཤིས་གཉོམ་སོ་ཡི་མཚན་ཁ་འབར་ཏེ་གནས་ཡུལ་གྱི་ལུས་ཕུང་རྨས་མ་ཡང་ཆག་འཇིག་གི་མཚམས་སུ་བསྐྱལ་ཡོད།
འདི་ལྟའི་ལོ་རྒྱུས་ཀྱི་གཉན་འཕྲང་དུ་འགྲིམ་པའི་མིའི་རིགས་ལ་མཚོན་ནས་བཤད་ན།མིག་རྒྱང་ཀྱི་ས་རྒྱ་བསྐྱེད་པའི་སྤྱི་ཁྱབ་འགན་ཁུར་དང་དུ་བླངས་ཤིང་།སྔར་སོང་གི་རྗེས་ཤུལ་བསེད་པའི་འཁྲུལ་ཤེས་ཀྱི་མུན་པ་མཐའ་རུ་དེད་དེ།ཡོངས་རྫོགས་སྐྱེ་འགྲོའི་གནས་གཞི་བདེ་འཇགས་ལ་བཏང་ཞིང་། མི་མིན་མི་ཡི་བདེ་དོན་འདྲ་མཉམ་ལ་བཞག་སྟེ།ཤེས་རབ་ཀྱི་ཟླ་བ་ལ་བཟང་སྤྱོད་ཀྱི་ཉི་མ་བསུས་ཏེ།མདུན་སྐྱོོད་ཀྱི་ལམ་བུ་ལ་ལམ་སྟོན་གྱི་སྒྲོན་མེའི་ཕྱོགས་སྟོན་གྱི་འཁོར་ལོ་ཞིག་དགོས་པ་ནི་གནད་ཀྱི་དམ་པ་ཡིན།
འགྲོ་བ་མི་ནི་སྤྱི་ཚོགས་ཀྱི་སྲོག་ཆགས་ཤིག་ཡིན་ཞིང་།གཅིག་ལ་གཅིག་བརྟེན་གྱི་ངོ་བོར་གྲུབ་ཡོད།མི་སུ་ཡིན་ཡང་ཚོགས་སྤྱི་དང་ཁ་བྲལ་ཏེ་གནས་མི་ཐུབ་ཅིང་།ཚོགས་སྤྱི་གང་ཡང་རུང་བ་ཞིག་མི་སྒེར་འདུས་ནས་མ་གྲུབ་པ་མེད།དེ་འདྲའི་ཡོངས་ཁྱབ་ཆོས་ཉིད་ཀྱི་མདུན་ཐང་དུ་སྤྱི་སྒེར་གྱི་མཚམས་ཚིགས་འཛིན་པ་ནི་ད་གཟོད་རིན་ཐང་ལྡན་ལ་དོན་སྙིང་ཆེ་བར་སྙམ།
རང་དོན་ནི་རང་ལ་ཕན་པའི་དོན་ཏེ་རང་ཉིད་དམ་སྒེར་གྱི་དོན་ཡིན་ལ།གཙོ་བོ་ཁོར་ཡུག་དང་སྤྱི་ཚོགས།ཆོས་ལུགས་དང་སྲོལ་རྒྱུན་སོགས་ཀྱི་ཤུགས་རྐྱེན་དང་འབྲེལ་ནས་འཚར་ཞིང་ལོངས་པ་ཡིན།དེ་ནི་གཙོ་བོ་འདོད་སྲེད་ཀྱི་གཞན་དབང་དུ་གྱུར་པ་སྟེ།ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ཇི་སྐད་དུ།གཞན་ལས་རྙེད་མང་ལོངས་སྤྱོད་འབྱོར་འདོད་དང་།།འཁོར་མང་བུ་སློབ་རྒྱས་པར་འདོད་པ་དང་།།བསོད་ནམས་ཅི་ཆེ་འདུ་བ་མང་འདོད་དང་།།སྙན་གྲགས་བ་དན་རྒྱལ་ཁམས་ཁྱབ་འདོད་དང་།།ཀུན་ལས་རབ་འཕགས་ཆེ་ཁྱད་འདོད་པ་དང་།།རང་ལས་གཞན་མིན་གཅིག་ཀྱང་མི་འདོད་པ།།འདི་དག་འདོད་ལྷའི་མེ་ཏོག་མདའ་ཡིས་བཅོམ།།ཞེས་གསུངས་ཏེ།ལས་གནས་ཀྱི་འདུག་སྟེགས་ལ་ཙོག་ཕྱིར་རྒྱུགས་ཤོག་གི་སྤྲིན་པ་ལ་སྣག་སྨྱུག་གི་གློག་ཞགས་འཁྱུག་ཅིང་།རྒྱུ་ནོར་གྱི་བང་མཛོད་ལ་དབང་ཕྱིར་སོལ་དལ་གྱི་འཚོ་བ་ལ་འགྲན་རྩོད་ཀྱི་གཡབ་མོ་བསླངས།མཚན་སྙན་གྱི་འཇའ་ཚོན་ལ་བཟུང་ཕྱིར་བདེ་སྐྱིད་ཀྱི་དགོད་སྒྲ་ལ་ཞེ་སྡང་གི་རྨ་ཁ་གསོས་ཤིང་།ཆེ་འདོད་ཀྱི་རྨིགས་བུ་ལ་ལོན་ཕྱིར་བྱེ་ཐང་གི་སྐོམ་གདུང་ལ་མྱ་ངན་གྱི་མིག་ཆུ་བཏུང་ནས།ཟས་གོས་གནས་ཚང་གྱི་འཚོ་རྟེན་གྲིམས་ཤས་ལྷོད་ཅིང་།དམག་འཁྲུག་ནག་ཉེས་ཀྱི་རི་མོས་ཡལ་ཏེ།ཁྲལ་དང་འུ་ལག་གི་སྡོམ་དྲས་དབེན་པའི་ས་སྒང་གི་སྐྱེ་བོའི་ཁྱིམ་གཞི་ཆེན་པོའི་བདེ་སྐྱིད་ཀྱི་འོ་ཞོ་ཁྲག་གིས་དཀྲུགས།བག་ཕེབས་ཀྱི་དར་ལྕེ་རླུང་གིས་གཡོས།འདྲ་མཉམ་གྱི་ཉ་ཆུང་ཆུ་ཡིས་བསྐྱོམས་ཏེ།རྨོངས་ཞེན་ཨ་འཐས།ངོ་འཛིན་ཕྱོགས་སྐྱོར།ཉེ་རྒྱང་ཕྱོགས་ལྷུང་།ཡོ་འཁྱོག་ཕྱོགས་འཕུལ་གྱིས་བརྣབ་སེམས་དང་ཧམ་པ་དུག་སྦྲང་ཤ་ལ་རྔམ་པ་དང་།འབུ་ནག་གིས་དྲི་ངན་སྙེག་པ་དང་མཚུངས་པར་ཚན་རྩལ་གྱི་ལྕག་གིས་བྲབས་པའི་རྟ་ཁ་སྲབ་ཀྱིས་བསྒྱུར་ནས་ཟ་འདོད་རྙེད་འཚོལ་སྲོག་ཏུ་བཟུང་།གཡོ་སྒྱུ་ཁྲམ་གསུམ་ཐབས་སུ་བཀོལ།རང་འཁྲིའི་ལས་ཀར་རྒྱབ་ཀྱིས་ཕྱོགས།གོ་ཐོབ་མུན་པའི་དོང་དུ་ཞུགས་ཏེ་ཚན་རིག་ལག་རྩལ་བདེ་ཐང་འདོད་འདུན་གྱི་གཤེད་དུ་ཕབ།ཐོན་རྫས་ཚད་མེད་ཕྱུག་པོ་ཉུང་ཤས་ཀྱི་ཁེ་ཕན་ལ་སྦྱར།གོ་ལའི་ཐོན་ཁུངས་ཚུལ་མིན་ཁ་ཤས་ཀྱི་འདོད་པར་བཏང་ཡོད་དེ།མཛེས་སྡུག་ཡིད་འོང་གི་རི་ཀླུང་ལ་ནགས་ཚལ་གྱི་སྐྲ་ལོ་བྲེགས་ནས་རི་སྐྱེས་སྲོག་ཆགས་ཀྱི་ཚང་མལ་གཏོར་ཞིང་།ལོ་ཏོག་འབྲས་བཟང་གི་ས་གཤིན་ལ་ན་ཟུག་གི་ཁུང་བུ་བྲུས་ཏེ་ཟུངས་ཁྲག་པྲ་ཡི་རྡོ་སྣུམ་གཏར།ཡན་ལག་བརྒྱད་ལྡན་གྱི་ཆུ་རྒྱུན་ལ་གད་སྙིགས་ཀྱི་ཉེས་ཐ་བྱོས་ནས་བདེ་ཆེན་ཀུན་ཁྱབ་ཀྱི་འབྱུང་བཞི་བརླགས་པ་དང་།མཁའ་དབུགས་ལ་བཙོག་གྲིབ་ཕོག།འཁྱག་ཀླུང་མིག་ཆུ་རུ་བཞུར་ཞིང་།ས་ཆུ་འབྱུང་གྲོད་ནས་བཤལ་བ་ནི།མ་རིག་པའི་དབང་གིས་འོས་འཚམ་གྱི་སྟངས་འཛིན་མཉེན་ལྡེམ་སྒེག་པའི་ལུས་པོ་སྒྲོག་གིས་འཆིང་བྱེད་ལྟ་བུའི་ངལ་བའི་ཁུར་གྱིས་དུད་པའི་རྐྱེན་དུ་བསམས་ཏེ།སྟངས་འཛིན་ལ་བརྩི་འཇོག་བྱེད་པའི་མི་བསྲུན་གནོད་འཚེ་འགོག་པའི་གོ་ཆ་ལུས་ལ་མ་བགོས་པས་ཡིན་ལ།མི་སྣ་ཆེ་གེ་མོ་རུ་འགྱུར་བའི་འདོད་སྲེད་ཀྱི་བསླུ་བྲིད་ཀྱིས་རང་དབང་གི་ཤེས་རབ་གབ་པས་ཀྱང་ངོ་།།
གཞན་དོན་ནི་གང་ཟག་གཞན་གྱི་དོན་དུ་བྱས་པའི་བྱ་བ་ལ་ཟེར་ཞིང་།གཞན་དོན་ཡིད་ལ་མི་འཁོར་བ།།དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས།།ཞེས་གསུངས་ཏེ།རང་ཅག་ཚང་མ་འགྲོ་བ་མི་ཡི་སྤྱི་ཚོགས་སུ་འཚོ་ཞིང་གནས་ཡོད་པའི་གཞན་བརྟེན་སྲོག་ཆགས་ཤིག་ཡིན་པས།རྣམ་ཀུན་གྱི་བྱ་བ་གང་ཡིན་ཡང་གྲོགས་དང་མཉམ་ལས་མ་བྱས་པར་འགྲུབ་མི་སྲིད།གྲོགས་པོའི་འབྲེལ་ཟམ་ལ་ཡིད་ཆེས་ཀྱི་ལྕགས་ཐག་ཆད་མི་རུང་ཞིང་།ལྷག་བསམ་གྱི་ཤིང་ཆ་ཧྲུལ་མི་རུང་བ་ཞིག་དགོས་ན།ཕར་ལ་རྡོ་བཏང་བས་མི་ལོན་ལ།ཚུར་ལ་བྲག་རི་བཀོག་པས་མི་འོངས་ཏེ།ཆུ་གང་གཉེན་ལ་བྱམས་ན་གཉེན་བས་དགྲ་སྨོན།རལ་གྲི་དགྲ་ལ་བཏབ་ན་དགྲ་བས་ཟུན་འཇིགས་ཞེས་གསུངས་ཏེ།སྟོད་སྨད་བར་གསུམ་གྱི་ཕྱོགས་རིས་ཅམ་གྱིས་བཞག།གྲུབ་མཐའི་འདམ་བག་གི་འཐེན་འཁྱེར་ཐེད་ཀྱིས་བོར།ཆོས་ལུགས་ལྟ་གྲུབ་ཀྱི་མཚམས་ལས་འདས་ཏེ།བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དང་། ཞི་བདེ་གཉེར་ཞིང་གནོད་འཚེ་སྤོང་བ།འཆམ་མཐུན་འབོད་ཅིང་དགྲ་འཁྲུག་གཡོལ་བ་སོགས་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་ཚུལ་སྲོག་ཏུ་བཟུང་སྟེ།སྐོམ་པའི་གདུང་བ་སེལ་བའི་སེམས་བཟང་དང་།འཇུངས་པའི་བསམ་པ་བྲལ་བའི་གཏོང་ཕོད།རིང་ཞིང་ཐེག་པ་ཆེ་བའི་བློ་རྒྱུས་གཞན་གྱི་ཐོབ་ཐང་འོས་འགན་དུ་བརྩིས་པ་ལས་འབྱུང་བ་ཡིན་ཞིང་།རང་གཞན་གྱི་མི་ལུས་དོན་ལྡན་བྱེད་པའི་བདེན་པའང་དེ་ཡིན།བདག་ཉིད་ཆེན་པོ་རྣམས་ནི་རྒྱུན་དུ་སྙིང་རུས་དང་ལྡན་པ་ཡིན་ཏེ།ལམ་གྱི་ལེའུར་རྦབ་རྡོ་འདྲིལ་བ་དང་།དཀན་གཟར་ནས་ལྷུང་བ་བཟོད་པར་ནུས་ཤིང་།དབྱར་གྱི་ཚ་གདུང་དང་དགུན་གྱི་གྲང་ངར།ཀྱག་ཀྱོག་གི་ལམ་བུ་དང་རི་ཤུར་གྱི་དོག་པ་སོགས་བརྒྱུད་དེ།རྒྱུག་གི་རྟ་ཕོ་ཆུ་ལ་འཕངས་པ་གོམ་ལག་མྱུར་བའི་གཉེན་པོར་བསྟེན་ཏེ།ཇི་སྐད་དུ་ཨང་སན་སུའུ་ཅི་ལགས་ཀྱིས།ངས་ཁྱིམ་ཚང་གཅིག་དང་གྱེས་པ་ནི།རང་དབང་གི་རྒྱལ་ཁབ་ཅིག་བརྩོན་ལེན་བྱེད་སྤྱད་དུ་ཕུལ་བའི་རིན་དོད་ཡིན་ཞེས་གསུངས་པ་ལྟར།གཞན་གྱི་འདོད་པ་སྐོང་བའི་ཆེད་དུ་ངལ་བ་ཁྱད་དུ་བསད་དེ་རི་ཆུ་སྟོང་ཕྲག་མང་པོ་བསྐོར་ནས་ཉིན་མཚན་འཁོར་མོ་ཡུག་ཏུ་བགྲོད་པའི་ཆུ་ཀླུང་བཞུར་རྒྱུན་རིང་ལ་བཞུར་ཤུལ་གཙང་བ་ལ་གཉིས་སུ་མ་མཆིས་པར།ཤིན་ཏུ་བསྐོལ་ནས་ཚ་བར་བྱས་ཀྱང་དེའི་བརླན་ཞིང་བཤེར་བའི་རང་བཞིན་འགྱུར་མི་སྲིད་ལ།ཤིན་ཏུ་གྲང་བའི་འཁྱགས་རོམ་དུ་གྱུར་ཀྱང་བརླན་ཞིང་གཤེར་བའི་ངོ་བོ་མི་འགྱུར་ཞིང་།མཐོ་བའི་གངས་རིའི་སུལ་དུ་བཞུར་ཡང་ང་རྒྱལ་མེད་ལ།དམའ་བའི་རྒྱ་མཚོའི་མཐིལ་དུ་ལྷུངས་ཀྱང་ཞུམ་པ་དང་བྲལ།གསེར་གྱི་ཕོར་བས་བཏེགས་པས་རོ་ཁྱད་པར་བ་མི་འབྱུང་ཞིང་།ཤིང་ཕོར་ཁ་ཆག་གིས་བཏུང་ཡང་བྲོ་བ་ཐ་མལ་དུ་མི་ལོགས་དང་འདྲ་བར་གང་དུ་སླེབས་པའི་ཕྱོགས་སུ་དཔལ་ཡོན་གྱི་རྩི་ཤིང་ནགས་ཚལ་རྒྱས་པ་དང་།ཤེས་དཔལ་སྣ་ཚོགས་ཀྱི་མེ་ཏོག་རྣམ་པར་བཀྲ་ཞིང་མི་ཚུལ་རིག་གནས་ཀྱི་འབྲས་བུ་གཡུར་དུ་ཟ།
རང་ཉིད་རང་གི་བདག་པོ་ཡིན་ལ།རང་ཉིད་ཀྱི་མི་ཚེ་རང་ཉིད་ཀྱིས་འབྲི་དགོས་པས།སྤྱི་སྒེར་དང་རང་གཞན་གྱི་རྐྱ་མ་འདྲེས་པ་ཞིག་བྱ་བར་ཤེས་རྨོངས་ཀྱི་ཕ་ས་དང་དགག་བཞག་གི་བཞུགས་བྲལ་སྟོང་པར་མི་བསྐྱུར་ཞིང་།རང་ཉིད་ཀྱི་ཀླད་པ་གཞན་གྱི་རྒྱུག་ཐང་དུ་མི་གཏོང་བར་ཆུ་མོ་འཁྱོག་ན་སྐོར་ཐག་རིང་བ་དང་།ལྗོན་ཤིང་འཁྱོག་ན་འགྱེལ་ཉེན་ཆེ་བ་ལྟར་གཡས་སུ་ལྷ་ཆོས་ཀྱི་སྡེ་བར་འཁྱོག་ཏུ་མི་གཞུག།གཡོན་དུ་མི་ཆོས་ཀྱི་ཕ་ཚན་ལ་འཁྱོག་ཏུ་མི་གཞུག་པར།འཚེ་བས་ཉེན་ནས་ཆོས་དང་འཕྲད་པ་དེ།།ཐར་ལམ་རྙེད་པས་གནོད་བྱེད་བཀའ་དྲིན་ཆེ།།སྡུག་བསྔལ་ཡིད་བྱུང་ཆོས་དང་འཕྲད་པ་དེ།།འགྱུར་མེད་ལམ་རྙེད་སྡུག་བསྔལ་བཀའ་དྲིན་ཆེ།།ཞེས་རྐྱེན་ངན་དགེ་བའི་སྐུལ་མར་སྒྱུར་བའི་ཉེར་བསྡོགས་བརྩམས་ཏེ།དཀའ་སྡུག་གིས་ཁྱེད་ཀྱི་སྐྱེ་བའི་གཟི་དཔངས་ཡར་སྐྱེད་བྱེད་ཅིང་།སྤོབས་པའི་གྲི་དངོ་ལ་ཡིད་ཆེས་ཀྱི་རྣོ་ངར་སྡུད།ཤེས་རབ་གསེར་ཞུན་གྱི་སྒོ་མོ་ངང་གིས་ཕྱེས་ཏེ།སྦྱོང་བརྡར་ལེགས་པོར་ཐོབ་པའི་ཁྱི་ཞིག་མི་བྱེད་པར་ཁེར་ཚུགས་ཀྱི་མི་གཞི་དང་རང་རྟོག་གི་ནུས་པ།བླང་དོར་གྱི་ལེགས་ཉེས་འབྱེད་པའི་བློ་གྲོས་དང་དགའ་བདེའི་དཔལ་ལ་རོལ་བའི་འདུན་མ་སོགས་སྒོ་ཐམས་ཅད་ནས་བཟང་སྐྱེད་ཆེ་བའི་མི་ཞིག་འགྱུར་བ་ལ་མི་གཞན་གྱི་ཐོབ་ཐང་རང་གི་འོས་འགན་དུ་བརྩིས་ཏེ་ཀུན་གྱིས་རྩིས་ཐང་ལྡན་པའི་འཚོ་བ་ལ་འབད་པར་བྱའོ།།
རྩོམ་གསར། 10