བཞུད་ཟིན་པའི་གཡང་དཀར་ལུག་ཁྱུ།

རྟ་མགྲིན་བཀྲ་ཤིས།        2021-09-29

འདས་པའི་ལོ་འགའི་ནང་ནས་ངེད་ཀྱི་ལུང་པའི་ལུག་ཁྱུ་དང་ཁྱུ་བྱས་ནས་བཙོངས་ཤིང་།ངེད་ཚང་ནི་ད་ལྟའི་བར་ལུག་འཚོ་བའི་དུད་ཁྱིམ་རེ་གཉིས་ཡོད་པའི་ནང་གི་གཅིག་ཡིན་མོད།དེ་རིང་སྔ་དྲོར་ཨ་ཕས་ང་ལ་ཁ་པར་ཡོང་སྟེ།ངེད་ཚང་གི་ལུག་ཁྱུ་ད་ནི་བདག་པོ་བྱེད་མི་ཐུབ་པས།དགོན་པར་ཕུལ་ནས་ཚེ་ཐར་བཏང་ཡོད་ཟེར།

ལུག་ཁྱུ་ཞིག་སྒོར་རྡོག་གཅིག་ཀྱང་མེད་པར་དགོན་པར་ཕུལ་བ་ནི།འབྲོག་ཁྱིམ་དཀྱུས་མ་ཞིག་ལ་ཆ་མཚོན་ན་འཚོ་བའི་གྱོང་གུད་ཆེན་པོ་ཞིག་ཡིན་ཡང་།དད་པ་རྣམ་དག་ཅན་གྱི་ཨ་ཕས་སྡིག་ལས་ལ་འཛེམས་ཏེ།ཚེ་ཐར་བཏང་བ་ལ་དང་ལེན་བྱེད་མི་ཐུབ་པ་གང་ཡང་མེད།ཨ་ཕས་ངེད་ཚང་ལ་ལུག་ཁྱུ་བདག་མི་མེད་ཅེས་བཤད་འོང་དུས།ངག་ཅུང་ཙམ་འདར་བཞིན་འདུག་ཅིང་།སྐད་ཆ་ཧྲིལ་པོར་འབྲལ་མི་ནུས་པ་དང་ཕངས་སེམས་ཤིག་གིས་ཁེངས་འདུག། དཀའ་སྡུག་གི་ལོ་ཟླ་རིང་མོ་བརྒྱུད་ནས་ཡོང་བའི་ཨ་ཕར་དོན་དག་ཆེ་ཆུང་ཅི་ཞིག་ཕྲད་ཀྱང་།འཁང་ར་དང་ཕངས་སེམས་ཆེན་པོ་མི་བྱེད་མཁན་ཞིག་ཡིན་མོད།དེ་རིང་སྐད་ཆ་འཆད་པའི་གདངས་ཀྱང་དམའ་མོར་གྱུར་པས་ང་ལའང་ཡིད་བློང་བློང་པོར་བྱུང་།

ང་རང་ཆུང་ངུའི་དུས་སུ།ཨ་ཕས་ཁྲིད་དེ་ལུག་རྫིར་ཐེངས་མང་འགྲོ་མྱོང་ལ།ཨ་ཕས་གཡུ་ཡི་རིལ་མ་བཏང་བའི་གཡང་ལུག་གི་གཏམ་རྒྱུད་བཤད་རྗེས།ངས་རང་གིས་འུར་ཆའི་སྣེར་བཏགས་ཡོད་པའི་ལུ་གུ་དེར་བལྟས་ནས།ནམ་ཞིག་གི་ཚེ་ལ་འདིས་ཀྱང་གཡུ་ཡི་རིལ་མ་ཞིག་གཏོང་ཨེ་ཡོང་བསམས་པའི་སྟོང་བསམ་དང་འཆར་གཡེང་གྲངས་མེད་བྱས་མྱོང་ཞིང་།ལུ་གུས་རྩྭ་ཟ་སྟངས་དང་སྐྱུག་ལྡད་བྱེད་ལུགས་སྙིང་རྗེ་པོ་དེ་ལ་ལད་མོ་བྱས་ནས།རྩྭ་རྐང་འགའ་ཁ་ལ་བཅུག་ཀྱང་མྱོང་ཡོད་ཨང་།

སྔ་དྲོར་ལུག་ཁྱུར་བརྒྱུགས་པའི་སྤྱང་ཀི་དེ་ལ་ཚིག་པ་ཟ་སྟེ།ཕྱི་དྲོ་ཧྲིལ་པོར་འུར་ཆའི་མཐིལ་དུ་རྡོ་བཞག་ནས་ཀླད་ལ་བསྐོར་བ་དང་།དགོང་མོར་དེ་རིང་སྤྱང་ཀིས་འཆས་པས་རྒྱུ་མ་སར་དྲུད་ནས་ཡུན་རིང་དུ་ཤི་མ་ཐུབ་པའི་མ་མོ་དེ་ཡང་དང་ཡང་དུ་མིག་ལམ་དུ་ཤར་པས་འདུག་མ་ཐུབ་ཅིང་།ལུ་གུ་རྣམས་རེ་རེ་བཞིན་ཁྱིམ་དུ་འཁྱེར་གྲབས་བྱས་ཀྱང་།མི་ཆེ་བ་ཚོས་ལུ་གུ་ཁྱིམ་དུ་ཁྱེར་ན་ནངས་པར་རང་རང་གི་ཨ་མས་ངོས་ཟིན་མི་ཐུབ་ཅེས་བཀག་པའང་དྲན་གྱིན་འདུག། ང་རང་སློབ་གྲྭར་སོང་བ་ནས་བཟུང་ལུག་ཁྱུའི་རྗེས་སུ་འབྲངས་པའི་གོ་སྐབས་ཇེ་ཉུང་དུ་སོང་ནའང་།དབྱར་གནང་དང་དགུན་གནང་གི་སྐབས་སུ།ངས་དཔེ་ཆ་ལག་ལ་བཟུང་ནས་ལུག་རྫིར་སོང་མྱོང་ཞིང་།ལུག་ལ་གཡུང་ཞིང་བག་ཕེབས་པའི་གཤིས་ཀ་ཞིག་ཡོད་པས་ཁྱིམ་དུ་བསྡད་པ་ལས་ལུག་རྫིར་སོང་ན་སོས་དལ་ཞིང་དཔེ་འཛིན་སྐྱོར་སྦྱོང་བྱེད་ཐུབ་པ་ཞིག་ཡིན།དེའི་ཕྱིར་ལས་བྱ་དང་བློར་འཛིན་རྒྱུ་མང་པོ་ཡོད་དུས་ངས་དཔའ་ཁས་ལེན་གྱིས་ལུག་རྫིར་སོང་བ་མང་།

ནར་སོན་པའི་ལོ་ཟླའི་ཁྲོད་ནས་རིམ་གྱིས་ཤེས་རྟོགས་བྱུང་བ་ལྟར་ན།ངེད་ཀྱི་མི་རབས་ཐོག་མ་ཡུལ་ཤུལ་ཨ་རྒྱལ་མགོན་པོ་ཟེར་བ་དེས་འབའ་རོམ་དར་མ་དབང་ཕྱུག་དང་དེའི་ཐུགས་སྲས་མངོན་ཤེས་ཅན་བཅུ་གསུམ་གྱི་ཡ་གྱལ་དྲུང་ཆོས་རྗེ་ཚུལ་ཁྲིམས་འབུམ་པའི་སྐུ་དུས་སུ་འབྲི་ཆུའི་སྟོད་རྒྱུད་དུ་སྡེ་སྲིད་བཙུགས་ཤིང་།དྲུང་ཆོས་རྗེས་ཡུལ་ཤུལ་ཐེག་ཆེན་གླིང་ཕྱག་འདེབས་དུས་ཁོང་གིས་སྦྱིན་བདག་བྱས།འདི་ལ་དམངས་ཁྲོད་དུ་གྲགས་པའི་གཏམ་རྒྱུད་ཅིག་ཡོད་པ་ནི།ཡུལ་ཤུལ་ཨ་རྒྱལ་མགོན་པོའི་དུས་སུ་ལུགས་གཉིས་ཀྱི་མངའ་ཐང་གཞན་ལས་མི་དམན་པ་ཡོད་པས།ཉིན་ཞིག་ས་ཆ་གཞན་ནས་ཡོང་པའི་བང་ཆེན་འགའ་ཡུལ་ཤུལ་ཨ་རྒྱལ་མགོན་པོའི་དྲུང་དུ་བཅར་བར་སྦྲ་ཆེན་གྱི་ནང་དུ་བསླེབས་ཙ་ན། གཡོག་མང་པོས་སྣེ་ལེན་བྱས།འོན་ཀྱང་དེ་ཚོས་དཔོན་གང་ཡིན་མ་ཤེས་ནས་ཐེ་ཚོམ་གྱི་ངང་དུ་ལུས།ཉི་མ་ནུབ་ཁར།འཁོར་གཡོག་རྣམས་ཀྱིས་དཔོན་ལགས་ཕེབས་བྱུང་ཟེར་ནས་གདན་འདིང་པ་དང་།ཞལ་ཟས་ཀྱི་བྱེ་བྲག་མང་པོ་གྲ་སྒྲིག་བྱས་ནས་སྒོ་ཁར་བུད་ཙ་ན།ལུག་ཁྱུའི་ཟུར་ནས་ལག་ལ་འུར་ཆ་ཐོགས་ཤིང་།ཕྱིང་ཞྭ་དང་སློག་པ་གྱོན་པའི་བགྲེས་པོ་ཞིག་ཐོན་ཡོང་སྐད།ཡུལ་ཤུལ་གྱི་འབྲོག་པའི་བགྲེས་རབས་ཚོས་ད་ལྟའི་བར་དུ་སྔོན་གྱི་དཔོན་ཆེན་ལུག་རྫིར་སོང་བའི་གཏམ་རྒྱུད་ཐུང་ངུ་འདི་བཤད་ནས་འབྲོག་པས་སྒོ་ཕྱུགས་སྐྱོང་དགོས་པའི་སློབ་གསོ་གཏོང་བར་བྱེད།མི་རབས་ཐོག་མ་དེ་ནས་ངེད་ཀྱི་ཨ་མེས(ཨ་ཕའི་ཕ)ཡུལ་ཤུལ་མེར་རྒན་ཐའི་ཇིའམ་ཡུལ་ཤུལ་དབང་ཆེན་ནོར་བུའི་བར་དུ་མི་རབས་བཅོ་བརྒྱད་སོང་བར་གྲགས་ཤིང་།ཧ་ལམ་ལོ་ངོ་བརྒྱད་བརྒྱ་བདུན་ཅུ་ལྷག་གི་རིང་ལ་གཡང་དཀར་ལུག་གིས་གཙོས་པའི་སྒོ་ཕྱུགས་ལ་བརྟེན་ནས་འཚོ་བ་རོལ་བ་དང་། ངེད་ཀྱི་ཨ་ཕའང་དུས་རབས་གོང་མའི་ནང་ནས་ལོ་འཁོར་བཅུ་ཕྲག་འགའ་ལ་ལུག་རྫི་སོང་ཡོད།

ལོ་འགའི་སྔོན་ནས་ཁྱིམ་མཚེས་ལ་ལས་ཨ་ཕ་ལ། ངེད་ཚང་གི་ལུག་ཀྱང་བཙོངས་ཟིན།དེས་འཚོ་བ་ལ་སྐྱོན་ཡོང་གི་མི་འདུག། སོས་དལ་པོ་བྱུང་སོང་།ཁྱོད་ཚང་ལའང་ལུག་རྫིར་འགྲོ་མཁན་མི་འདུག་པས།ལུག་ཁྱུ་མེད་པར་བྱས་ན་ལེགས་ཞེས་མང་པོར་བཤད་པ་ཐོས་ཤིང་།དེ་ལ་ཨ་ཕས་ཐོག་མར་གཡང་གི་ར་བ་སྒོ་བཞི་སྟེ།རྟ་དང་ནོར།ལུག།ར་བཅས་ཡོད་པ་གདའ།དེང་སང་རྟ་ནི་ཡན་པར་བཏང་ཟིན།ད་ལུག་ཀྱང་མེད་ན།གཡང་སྐྱབས་ཤིག་ཀྱང་བཅའ་ཐབས་ཡོད་མ་རེད་ཟེར་ནས་ཁས་མ་བླངས།ད་ལོར་བྱིས་པ་དག་སློབ་གྲྭར་འགྲིམ་ཁུལ་གྱིས་གྲོང་དང་གྲོང་ཁྱེར་དུ་སོང་བའི་ཤུལ་ནས།ཁོང་ལོ་ན་མཐོ་བས་མི་རབས་མང་པོར་འཚོ་བའི་རྟེན་གཞི་དང་།དཀའ་སྡུག་གི་རྔུལ་ཆུ་གཏོར་ས་རུ་གྱུར་པའི་གཡང་དཀར་ལུག་ཁྱུ་དེ་ཉིད་དགོན་པར་མི་འབུལ་ཀ་མེད་དུ་གྱུར་པས།ད་ལྟའི་ཨ་ཕའི་སེམས་ཁམས་ནི་ངས་བསམ་བློ་གཏོང་མི་ཕོད་པ་ཞིག་ཡིན་པར་སྨོས་ག་ལ་དགོས།

ད་ནི་དཔྱིད་ཀའི་བུ་ཡུག་ཁྲོད་ནས་སོ་མར་བཙས་པའི་ལུ་གུ་ཕྲི་འབྱར་ཞིག་མཆན་འོག་ཏུ་བཅུག་ཏེ་ལུག་རྫི་འགྲོ་བའི་དུས་མེད་ཅིང་།སྟོན་ཁར་མུ་ཏིག་ཕྲེང་ཐག་ཆད་པ་ལྟར་ལུང་པའི་ལྕོག་ནས་གསེར་སྙེ་གཡོ་བའི་འབོལ་རྩྭའི་གསེས་སུ་ཞོགས་པའི་ལུག་ཁྱུའང་མཐོང་དུ་མེད།དབྱར་གཞུང་གི་དགོང་མོ་རེ་རེར་སྤྱང་དམག་ལ་འཇིགས་ཏེ་གཉིད་མ་སད་ཀྱིས་ལུག་ལྷས་ལ་ཅེར་བའི་སྐབས་རྫོགས་ཟིན་ཞིང་།དགུན་ཁར་འབའ་སྒྲ་ཉིལ་ལེར་ལུག་རའི་སྒོ་ན་འཁོར་བའི་མ་མོ་དང་ལུ་གུ་ཡོད་མི་སྲིད།བྱིས་པ་ཚོས་འདི་ནི་ངའི་གཅེས་ལུག་ཡིན་ཞེས་སྐེ་དར་འདོགས་པ་དང་།རྒན་པ་ཚོས་ལུག་ཤ་ཞིམ་པོ་ཞིག་ལ་རེ་བའི་ཞགས་པའང་འཕེན་ས་མེད།ཐ་ན་ལུ་གུ་དང་ལག་ཐོང་བ།འཚེར་མ།མ་མོ།ལུག་ཐུག་སོགས་དང་།དཀར་རྩ་དང་དམར་རྩ།རྒྱ་རྩ།རིལ་མ།འབའ་ཞེས་པའི་ཐ་སྙད་དག་ཀྱང་ངེད་ཀྱི་མི་རབས་རྗེས་མའི་བློ་ངོས་སུ་ཡོད་མི་དཔེ།དེའི་དུས་ང་ཚོས་བརྙན་དང་པར་རིས་བསྟན་ནས།སྤུ་མདོག་དཀར་པོ་ཅན་གྱི་སྲོག་ཆགས་འདིའི་མིང་ལ་ལུག་ཟེར།ང་ཚོའི་ས་ཆ་ལ་མེད་ཀྱང་གཞན་པའི་ས་ཆ་ག་གེ་མོ་ལ་ད་དུང་ཡོད་རེད།འདི་ནོར་ནག་གི་རིགས་མིན་ལ་ཕག་པའང་མ་རེད།ཤ་ཟ་ཉན་ལ་པགས་པའང་གྱོན་རུང་།ང་དང་ཐོག་ལུག་གི་རྫི་བོའང་བྱས་མྱོང་ཡོད་ཅེས་གནའ་གཏམ་འདྲ་བ་ཞིག་བཤད་དགོས་ངེས།


  • ལེ་ཚན་སྔོན་མ།:སོ་སོའི་སྐྱེ་བོར་ཤན་སྟོབས་རེ།
  • ལེ་ཚན་རྗེས་མ།:ད་ལྟ་ང་ལ་མཁོ་བ་ནི་བྱིས་དུས་སུ་ཉི་མ་ཕུད་སའི་ཆུ་ཁ་དེ་ཡིན།