ཨ་ཁུ་བསོད་ནམས་སྦྱིན་པའི་རྟོགས་བརྗོད།

ལྟག་ཨོ་རྒྱན་ཆོས་འཕེལ།        2021-09-28

ཨ་ཁུ་བསོད་ནམས་སྦྱིན་པའི་རྟོགས་བརྗོད།

ཕྲ་མོ་གླིང་ནས་ཆད་པའི་ལྷ་སྡེ་ཞིག།

ཡུལ་མཆོག་གླིང་ཁ་ཤིས་སུ་འཚོ་གནས་པར།།

མི་དབང་བརྒྱ་དཔོན་དེ་ཡི་རིགས་བརྒྱུད་དུ།།

རྟག་ཏུ་བྱང་སེམས་འཁྲུངས་པའི་གཏམ་མང་བ།།

 

སྐར་བཟང་ལག་གིས་བཞིན་རས་འབྱོར་བ་དང་།།

གླིང་ཁ་ཚང་ལ་བཀྲ་ཤིས་བྱ་སྐད་དང་།།

མཛེས་ལྡན་འཇའ་ཚོན་སྣ་ཚོགས་མཁའ་ངོས་སུ།།

གདུགས་དང་རྒྱལ་མཚན་དཔལ་བེའུ་ཚུལ་དུ་བབ།།

 

དམ་པ་འཇིག་རྟེན་ཁམས་སུ་བྱོན་པ་ལ།།

རྟགས་དང་མཚན་མ་བཟང་པོས་བསུ་མ་ཡོད།།

ལྷ་ཀླུ་གཞི་བདག་དགྱེས་པའི་སྐྱེད་ཚལ་དུ།།

བླ་མ་བཟང་པོས་ཞིང་འདིར་ཞབས་སོར་བཀོད།།

 

སྐུ་ཡིས་བཀོད་པ་འབྱོར་ལྡན་ཁྱིམ་ཚང་དུ།།

རབ་ཏུ་སྤྲོས་པའི་ལྟད་མོ་ཆེ་གྱུར་རུང་།།

སློབ་པའི་གནས་ལ་གཡེང་དང་རྒོད་མེད་པར།།

མཚན་ལྡན་བླ་མའི་དྲུང་དུ་ནམ་ཡང་བསྙེགས།།

 

ལོ་ནི་བདུན་ལ་བྱ་རོག་སྐྲོད་པའི་མཚམས།།

རབ་ཏུ་བྱུང་ཞིང་ངུར་སྨྲིག་རྒྱལ་མཚན་འཛིན།།

ཚེ་གང་སྒྲུབ་དང་སློབ་སྦྱོང་ལ་འབུངས་པའི།།

དམ་བཅའ་བརྟན་པོ་སེམས་པའི་གཏིང་ཉར་བ།།

 

སྤོ་འབོར་སྒང་ཆེན་མདོ་སྡེའི་ཐང་སྟོད་དུ།།

གླང་ཆེན་འཕྲད་དུ་གཟིམ་འདྲའི་ལ་སྒང་དེར།།

ཆོས་ཀྱིས་སྒྲ་དབྱངས་རྒྱུན་མི་ཆད་པའི་གནས།།

ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ཆེན་པོ།།

 

བཤད་སྒྲུབ་བསྟན་པ་རྒྱས་པའི་དུང་སྐད་དུ།།

ཁྱེད་ནི་ལི་ཐང་དགོན་ཆེན་ཆེན་མོ་ལ།།

ཚོགས་དང་ཆོས་ར་འགྲིམ་པའི་མི་ཚེ་དང་།།

ཚོགས་བསགས་སྒྲིབ་པ་སྦྱངས་པའི་འཚོ་བ་དང་།།

 

མདོ་སྔགས་གཞུང་ལུགས་གང་ལ་མོས་པ་གང་།།

མཁས་པའི་དགའ་ཚལ་འདི་རུ་ཉེ་བ་དང་།།

ཤིན་ཏུ་བདེ་དང་མང་པོ་མྱུར་བླངས་སྟེ།།

ཐོས་བསམ་སྒོམ་པའི་མཛད་པ་མཐའ་ཡས་སོ།།

 

ཆོས་ཀྱི་གང་གཱ་རིང་དུ་འབབ་པ་ལ།།

ཆུ་ཤེལ་བུམ་དུ་བདུད་རྩི་ལེན་བཞིན་དུ།།

ཁྱེད་ཀྱིས་བརྩོན་འགྲུས་བསྐྱེད་པའི་རྣམ་ཐར་དེ།།

ནམ་ཡང་སློབ་བུ་དུ་མའི་སྙན་གྱི་རྒྱན།།

 

ཁྱད་པར་དགོན་ཆེན་འདི་ཡི་འདོན་རྟ་དབྱངས།།

ཕྱག་ལེན་སྣ་ཚོགས་ཆོ་ག་དུ་མ་དང་།།

སྒྲུབ་མཆོད་རྒྱུད་གཞུང་ཚང་མ་ཐུགས་རྒྱུད་དུ།།

བདེ་བླག་ལེན་མཛད་ཁྱེད་ལ་ཕྱག་འཚལ་ལོ།།

 

བླ་མའི་རྣལ་འབྱོར་མཐིལ་དུ་ཕྱིན་པ་དང་།།

ཚུལ་ཁྲིམས་གཙང་མའི་ཀུན་སྤྱོད་དྲི་མ་མེད།།

ལམ་གྱི་རིམ་པར་བཅད་པའི་ཉམས་ལེན་ནས།།

བྱང་སེམས་ཆེན་མོའི་མཛད་པ་ཡང་ཡང་དུ།།

འཆད་རྩོད་རྩོམ་དང་མཁས་བཙུན་བཟང་པོ་པ།།

རྗེ་བཙུན་དམ་པ་ཤོག་དྲུག་སྐྱབས་མགོན་མདུན།།

ལམ་རིམ་ཟླ་ཆོས་དབང་ལུང་མན་ངག་ཀུན།།

བློ་མཛོད་གཏེར་གྱི་ཆ་ཤས་རབ་རྫོགས་པའོ།།

 

རྗེས་སོར་དུས་ཀྱི་འགྱུར་བ་ཅི་རིགས་པ།།

བསྟན་པ་འདི་ལ་འོ་བརྒྱལ་མང་འཕྲད་ཅིང་།།

མི་རྟག་པ་ནི་སྣོད་བཅུད་ཆོས་ཉིད་བཞིན།།

ཁོང་ནི་ལོ་མང་རིང་ལ་རྟ་རྫི་བྱས།།

 

དམག་གི་རྟ་རྫིར་ལས་སླ་མ་ཡོད་ཅིང་།།

སྔ་ལངས་ཉལ་ཕྱིའི་ལས་ཀ་མང་ན་ཡང་།།

ལམ་རིམ་ཉམས་ལེན་སྐད་ཅིག་ཙམ་དུ་ཡང་།།

བློ་ལས་ཡོལ་བ་མེད་པའི་སྒྲུབ་པ་བསྐྱངས།།

 

རིག་གསར་དུས་དེར་འཇིགས་སུ་རུང་བ་ཡིས།།

རྒོད་པའི་བྱ་སྤྱོད་སྣ་ཚོགས་སྤེལ་བའི་ཚེ།།

གསེར་དངུལ་ནོར་ལ་མ་ཆགས་ཞེས་གསུངས་པའི།།

བླ་མའི་གདམས་ངག་ལྷག་ཏུ་ཡིད་ལ་འཁོར།།

 

འདི་ནས་འཁོར་བའི་ཆོས་ལ་སྙིང་པོ་དང་།།

ཡིད་བརྟན་མེད་པའི་བློ་ཤེས་རབ་བསྐྱེད་དེ།།

འདུས་བྱས་ཡོད་དགུ་སྒྱུ་མའི་འཕྲུལ་གྱུར་པའི།།

རྟོགས་པ་བཟང་པོ་ཁྱེད་ཀྱིས་ལག་ལེན་དུ།།

 

ཉམས་རྒུད་ཐེབས་པའི་དབེན་གནས་སླར་གསོ་བའི།།

དགའ་སྟོན་གསེར་གྱི་མཁར་རྔ་ཀུན་ཏུ་གྲགས།།

གྲྭ་བཙུན་བཅུ་གྲངས་འཛོམས་པའི་ཚོགས་གྲལ་དུ།།

ཁྱེད་ཀྱིས་དབུ་མཛད་གནང་ལ་གསོལ་བ་འདེབས།།

 

གསར་འཇུག་བཙུན་པ་རྣམས་ལ་འདོན་རྟ་དང་།།

རྡུང་འབུད་འཆམ་དང་ཕྱག་སྟབས་བསྩལ་ཞོར་དུ།།

གཞི་གསུམ་ཆོ་ག་གསང་བདེ་འཇིགས་གསུམ་གྱི།།

སྒྲུབ་མཆོད་བཙུགས་སོགས་བཀའ་དྲིན་ཅིས་མི་ཆེ།།

གྲྭ་པ་འཆི་ཁར་བྱ་རྒོད་འཕུར་འདྲ་བས།།

རྗེས་སུ་ལུས་རྒྱུ་མེད་པའི་དཔེ་བཞིན་དུ།།

ཉིད་ལ་ཐོབ་པའི་ཅ་དངོས་གང་ཡོད་པ།།

ཐམས་ཅད་དགོན་དུ་འཕུལ་ལ་རྗེས་ཡི་རང་།།

 

ངེས་འབྱུང་བློ་ཡི་ལྷུན་པོ་རབ་བརྗིད་མ།།

བྱང་ཆུབ་སེམས་ཀྱི་མེ་ཏོག་རབ་ཏུ་བཀྲ།།

ཡང་དག་ལྟ་བའི་ཆུ་མིག་བརྒྱ་དང་བརྒྱད།།

ཨ་ཁུ་བསོད་ནམས་སྦྱིན་པའི་གླིང་འདི་མཛེས།།

 

དེ་རྗེས་བགྲང་བྱ་དུ་མར་སྒྲུབ་པ་ཡིས།།

ཉིན་མཚན་མེད་པར་རྣལ་འབྱོར་ཉམས་ལེན་པ།།

མཚམས་ནག་སྒོ་བཅད་སྒོམ་དང་མ་བྲལ་བར།།

རྗེ་བཙུན་མི་ལ་འདྲ་བའི་མཛད་པ་བཞེས།།

 

ཁྱད་པར་གཤེན་རྗེ་གཤེད་ཀྱི་བསྐྱེད་རིམ་ལ།།

མཐར་ཕྱིན་འབྲས་བུ་བཟང་པོ་རློང་དུ་གྱུར།།

མི་གཅིག་ཤོང་ཙམ་གྲྭ་ཤག་ཆུང་ངུའི་ནང་།།

དཔལ་བོ་གཅིག་པའི་ཞལ་ནི་དངོས་སུ་གཟིགས།།

 

བསླབ་གསུམ་རིམ་དུ་ཇེ་མཛེས་ཡོང་འདོད་ན།།

ཚུལ་ཁྲིམས་གཙང་མ་མིག་འབྲས་ལྟར་སྐྱོངས་པ།།

འཇམ་མགོན་བླ་མའི་ཆེ་བས་བསྐུལ་ཤེས་པའི།།

འདུལ་བ་འཛིན་པ་བསོད་ནམས་སྦྱིན་པ་མཆོག།

 

ཞི་ཞིང་དུལ་བའི་བཤེས་གཉེན་བཟང་པོ་དེ།།

གང་དུ་བྱོན་ན་ཕན་བདེའི་ལེགས་སྐྱེས་སུ།།

མཁན་གནས་ཕྱི་ནང་ཚུལ་ཁྲིམས་དྲི་བཟང་བ།།

དགེ་སློང་ཚེ་དང་ལྡན་པ་ཁྱེད་ལ་བསྔགས།།

 

ནམ་ཡང་ཉེ་བར་བཅར་བའི་མི་རྣམས་ལ།།

རྒྱུ་འབྲས་ལ་ནི་ཤིན་ཏུ་གཅེས་དགོས་པའི།།

རིན་ཐང་བྲལ་བའི་བཀའ་བསླབ་བྱིན་ཅན་དེ།།

ལི་ཆུ་ལྟར་དུ་རྒྱུན་མི་ཆད་པར་འབབ།།

 

འཁོར་བའི་ཡུལ་དུ་མེ་ཏོག་སྦྲང་རྩི་སོགས།།

ཡང་ན་སད་དང་བ་མོས་བཅོམ་པ་གང་།།

སྙིང་དོན་བརྟན་པར་ནམ་ཡང་མི་མཐོང་དེ།།

འགྱུར་ངེས་མི་རྟག་པ་ཡི་ཟློས་གར་ཙམ།།

 

རེ་ཞིག་སྐུ་ཡིས་བཀོད་པ་བསྡུས་གྱུར་ཏེ།།

དགོངས་པ་ཆོས་དབྱིངས་འཐིམ་པའི་ཚུལ་བརྩམས་པ།།

ཟབ་པའི་ཐུན་དང་ཏིང་འཛིན་ལ་བརྐྱེད་བཞིན།།

བདེ་སྟོང་དབྱེར་མེད་ཀློང་དུ་སེམས་གཏེར་སྦས།།

 

འཇའ་ཚོན་འོད་ཀྱིས་གུར་ཁང་ཕུབ་པ་དང་།།

མེ་ཏོག་ཆར་དང་རང་བྱུང་དུང་སྐད་སྙན།།

འཇམ་མགོན་བླ་མའི་ཐུགས་ཀྱིས་འོད་ཟེར་ལམ།།

ཁྱེད་ནི་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ།།

 

བདག་སོགས་སློབ་བུས་རྟག་ཏུ་ཁྱེད་དྲན་པས།།

སྒོ་གསུམ་མ་ལུས་དད་པའི་གེ་སར་ཅན།།

རྗེས་སུ་འཛིན་པའི་རིམ་པ་གང་དུ་ཡང་།།

ཡོངས་སུ་གྲོལ་བའི་དངོས་གྲུབ་སྩོལ་ཏུ་གསོལ།།


  • ལེ་ཚན་སྔོན་མ།:རིག་གནས་རྒྱུན་འཛིན་བྱས་ནས་བདེ་སྐྱིད་འཚོ་བ་མཉམ་དུ་རོལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།