ཚེ་རིང་ལྷ་འཛོམས་ཀྱིས་བྲིས། 2021-09-17
བཟོ་རྩལ་ཤེས་ལྡན་མི་སྣས་རིག་གནས་འཕེལ་རྒྱས་ལ་གསོན་ཤུགས་སྟེར།
ལེགས་སྨོན་གྱིས་ཆེད་རམས་པ་ཚོར་ཐང་གའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
ཏང་རྟགས་མཐོན་པོར་བཀལ་ཞིང་། ཉི་འོད་འོག་ཏུ་གནམ་བདེ་སྒོ་མོ་ཆེ་བཀྲ་ཤིས་པའི་སྤྲིན་དཀར་དང་འཇའ་ཚོན་སྣ་ལྔའི་བསྐོར་ཞིང་། གྲུ་གཟིངས་དམར་པོ་ཞིག་ལྷོ་ཕྱོགས་མཚེའུ་ནས་ཐོན་ཏེ་ཆུ་རླབས་སྔོན་པོའི་ཁྲོད་དུ་དལ་པོར་བསྐྱོད་ཡོང་། དེ་ནི་ཐང་ག་ཆེ་གྲས《གྲུ་གཟིངས་དམར་པོའི་སྙིང་སྟོབས》ཀྱི་ནང་དོན་ཞིག་རེད། ཐང་ག་དེ་ནི་རང་ཁུལ་གྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ལེགས་སྨོན་གྱིས་བྲིས་པ་ཞིག་རེད། ཐང་ག་དེའི་རིང་ཚད་ལ་སྨི1.7དང་ཞེང་ཚད་ལ་སྨི1.2ཡོད་པ། 1921ལོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་གྲུ་གཟིངས་དེའི་ཐོག་སྐོང་ཚོགས་བྱས་པའི་རྣམ་པ་མངོན་ཡོད་པ་རེད། “གྲུ་གཟིངས་དམར་པོའི་སྙིང་སྟོབས”དེ་ཐང་ག་ཆེ་གྲས་ཀྱི་རྣམ་པའི་ཐོག་ནས་བྲིས་པ་དེ་ནི་རྒྱལ་ཡོངས་སུ་ཐེངས་དང་པོ་རེད།
ལེགས་སྨོན་གྱིས“ཀྲུང་གོ་གུང་ཁྲན་ཏང་གིས་བོད་རིགས་མི་དམངས་ལ་བཅིངས་འགྲོལ་གཏོང་བ་རེད་ལ། ཏང་གི་སྲིད་ཇུས་བཟང་པོས་མི་རིགས་ས་ཁུལ་གྱི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་བ་ཞིག་ཀྱང་རེད་ཅེས་བཤད། ཁོང་གིས“ཐང་ག་རི་མོ་བརྒྱུད་ནས་གྲུ་གཟིངས་དམར་པོའི་སྙིང་སྟོབས་ལ་གུས་འདུད་ཞུ་བ་ནི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དྲིན་གཟོའི་བསམ་པ་མཚོན་པའི་རེ་བ་ཡིན་ཞེས།”བཤད།
《གྲུ་གཟིངས་དམར་པོའི་སྙིང་སྟོབས》བཞེངས་པ་དེ་ལེགས་སྨོན་གྱིས་དཀའ་སྤྱད་འབད་བརྩོན་བྱེད་པ་དང་ཁ་བྲལ་ཐབས་མེད་ལ། རང་ཁུལ་གྱིས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་བྱས་པ་ཡང་ཁ་འབྲལ་ཐབས་མེད།
ཉེ་བའི་ལོ་འགར་རང་ཁུལ་གྱིས་དཀར་མཛེས་ཁུལ་གྱི་རིག་གནས་ལ་བརྟེན་ནས་རིག་གནས་དཀར་མཛེས་ཁུལ་འཛུགས་སྐྱོང་བྱས་པའི་འདུ་ཤེས་བཅངས་ཏེ་མི་རིགས་རིག་གནས་ཀྱི་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྔར་བས་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ཞིང་། མི་རིགས་ཁག་གི་བུ་ཕྲུག་ཚོའི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཡང་བཏང་ཐུབ་ཡོད།
དཔག་སངས་དོན་གྲུབ་ཀྱིས་ཡིག་གཟུགས་བརྩམས་ཆོས་ངོ་སྤྲོད་བྱེད་བཞིན་པ།
རང་ཁུལ་ནི་བོད་ཀྱི་རིག་གནས་ཆེན་པོ་གསུམ་འདུས་ཀྱི་ཁམས་པའི་རིག་གནས་ཀྱི་ཆོལ་ཁ་ཡིན་ཞིང་། རིག་གནས་ཤེས་ལྡན་་ལྷན་དུ་འཛོམས་པ་དང་། ལྷག་པར་དུ་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་མཁས་ཅན་མང་པོ་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་པ་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། སྐྱེས་ས་སྐྱེས་ཡུལ་དཀར་མཛེས་ཁུལ་ནས་ཡིན་པའི་རིམ་པ་མཐོ་ཤོས་ཀྱི་ཤེས་ལྡན་་པ་ཁྱོན་བསྡོམས2000ལྷག་ཙམ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཁྱབ་ཡོད་པ་རེད།
2019ལོར་རང་ཁུལ་གྱིས“གངས་ལྗོངས་ལག་རྩལ·དཀར་མཛེས་ཁུལ་གྱི་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི‘ལག་རྩལ་བུམ་པ’ཞེས་པའི་ལག་ཤེས་བཟོ་རྩལ་གྱི་ཤེས་ལྡན་་མི་སྣ་འདེམས་སྒྲུག་འགྲན་སྡུར་ཆེན་པོ”གཉེར་ནས་ཁུལ་ཡོངས་ཀྱི་ལག་ཤེས་བཟོ་རྩལ་ཤེས་ལྡན་་མི་སྣའི་མཛོད་ནང་གྲབས་གསོག་གང་ལེགས་བྱས་ཡོད། འགྲན་སྡུར་མཇུག་འགྲིལ་རྗེས“ཁམས་པའི་ལག་ཤེས་བཟོ་རྩལ་མཁས་ཅན”གྱི་མིང་ཐོ་བཅུ་ཆེད་ལས་ཞིབ་དཔྱད་བྱས་མཐར་ཁྱབ་བསྒྲགས་བྱས་ཏེ།“ཁམས་པའི་བཟོ་རྩལ་མཁས་ཅན་བཅུ”ཡིས་རྐོས་གཟུགས་དང་འཇིམ་བཟོ། ཐང་ག ལྕགས་རིགས་བཟོ་སྐྲུན། སྨན་འདམ་ངོ་འབག། མེ་ཏོག་མཆོད་པ་བཟོ་བ། ཀོ་ཆས་བཟོ་བ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་ཁོང་དུ་ཆུད་ཡོད། དེ་ནི་རང་ཁུལ་གྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་ཞིག་རེད།
“རིག་གནས་དང་ལག་རྩལ་འདི་དག་ནི་ཕ་མེས་ཀྱིས་ང་ཚོར་བཞག་པའི་རྒྱུ་ནོར་ཡིན་པས་དེ་དར་རྒྱས་གོང་འཕེལ་གཏང་རྒྱུ་ནི་ང་ཚོས་མ་སྐུལ་རང་སྒྲུབ་བྱེད་དགོས་པའི་འགན་འཁྲི་ཞིག་རེད། ད་ཆར་སྲིད་ཇུས་ཡག་པོ་འདུག་པས། ང་ཚོར་སློབ་སྦྱོང་དང་སྦྱོང་བརྡར་བྱེད་པའི་གོ་སྐབས་ཧ་ཅང་མང་པོ་ཡོད་ལ་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་གོ་སྐབས་ཀྱང་ཧ་ཅང་མང་པོ་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་མ་སྐུལ་དང་བླངས་ཀྱིས་འགན་འཁྲི་འཁུར་བ་དང་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་དང་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏང་རྒྱུ་ཡིན”ཞེས་བཤད། སྤྱི་ཟླ6པའི་ཚེས27ཉིན་ལ“ཁམས་པའི་བཟོ་རྩལ་མཁས་ཅན”གྱི་མཚན་སྙན་ཐོབ་མཁན་འཇམ་དབྱངས་གྲགས་པ་ཡིས་གསར་འགོད་པར་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་གཏོང་ཆེད། ཁོང་གིས་ཉིན་ལྟར་དུས་ཚོད་ངེས་ཅན་ཞིག་སྤྱད་ནས་རྐོས་རྩལ་སྦྱོང་གི་ཡོད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་ལ་རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རིག་གནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་འབད་བརྩོན་བྱས་ཏེ། ཤེས་ལྡན་མི་སྣའི་ཐོན་ཁུངས་སྡེབ་སྒྲིག་ཧུར་ཐག་བྱས་པ་དང་། ལག་ཤེས་བཟོ་རྩལ་མི་ཚོགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བ། རིག་གནས་རྒྱུན་འཛིན་གསར་གཏོད་དང་མཉམ་ལས་འཕེལ་རྒྱས་མཉམ་ཁེ་ཡོང་བའི་ཤེས་ལྡན་མི་སྣའི་གཞི་སྟེགས་ཤིག་སྐྲུན་ཞིང་། རིག་གནས་ཤེས་ལྡན་མི་སྣ་འདུ་འཛོམས་བྱེད་ས་བསྐྲུན་ནས་རིག་གནས་ཤེས་ལྡན་མི་སྣའི་སྣེ་ཁྲིད་ནུས་པ་དང་གཙོ་ཁྲིད་གོ་གནས་བཅས་ནུས་ཤུགས་ཡོད་རྒུས་སྐྲུན་པ་བཅས་བྱས་ཏེ། ཤུགས་རྐྱེན་ནུས་པ་དང་འགྲན་རྩོད་ནུས་པ་ལྡན་པའི་རིག་གནས་ཤེས་ལྡན་མི་སྣའི་མཐོ་གནས་ཤིག་བསྐྲུན་རྒྱུར་བརྩོན་ལེན་བྱེད་བཞིན་མཆིས།
ཐང་ག་རི་མོ《གྲུ་གཟིངས་དམར་པོའི་སྙིང་སྟོབས》ཀྱི་རྩོམ་པ་པོ་ལེགས་སྨོན་ནི་ཕ་ཡུལ་གསེར་ཐར་རྫོང་གཉན་ལུང་ཡུལ་ཤོག་ནས་ཡིན་ཞིང་། ཁོང་གིས་ཐང་ག་འབྲི་རྒྱུར་འབད་ཞིང་སྐད་གྲགས་ཡོད་པས། མི་མང་པོ་ཞིག་ཁོང་ལ་ཆེད་དུ་དགེ་རྒན་ལ་བསྟེན་པར་ཡོང་གི་ཡོད། མི་དེ་བས་མང་པོར་ཐང་ག་འབྲི་རྒྱུར་རོགས་རམ་བྱེད་པ་དང་ཐང་གའི་ལག་རྩལ་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱ་ཆེད། 1998ལོ་ནས་བཟུང་ལེགས་སྨོན་གྱིས་སློབ་ཡོན་མི་དགོས་པར་ཐང་ག་འབྲི་བའི་ལག་རྩལ་བསླབས་པ་རེད། 2003ལོར་ལེགས་སྨོན་ཁྲེང་ཏུའུ་རུ་གཞིས་ཆགས་བྱེད་རིང་། ཁྲེང་ཏུའུ་གྲོང་ཁྱེར་བོད་མིའི་ཁྲོམ་དུ་རི་མོའི་སྒྱུ་རྩལ་སྤེལ་རེས་ལྟེ་གནས་དང་མི་རིགས་རིག་གནས་ཀྱི་ཁྱིམ་ཚང་ཞེས་པ་གཉེར་ཞིང་། ཐང་ག་རྒྱུན་འཛིན་རྟེན་གཞི་བཙུགས་ཏེ་སློབ་ཡོན་མི་དགོས་པར་སློབ་མ་བསྡུས་པ་དང་། ད་ཆར་ལེགས་སྨོན་གྱི་སློབ་མ་ས་གནས་ཁག་ཏུ་ཁྱབ་ཅིང་། ལ་ལ་ད་དུང་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་གསར་པར་གྱུར་ཡོད།
གླེང་རིན་ཡོད་པ་ཞིག་ལ་མཐོ་སྒང་ནས་གྲོང་ཁྱེར་བར་ལེགས་སྨོན་གྱིས་རིན་པ་མི་དགོས་པར་སློབ་ཁྲིད་དང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་པ། གཅེས་སེམས་ཞལ་འདེབས་འབུལ་བ། འཚམས་འདྲིའི་འཁྲབ་སྟོན་བྱེད་པ་སོགས་བརྒྱུད་ནས་ཀྲུང་ཧྭ་མི་རིགས་ཀྱིས་མི་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བ་དང་ཐོག་མའི་བསམ་འདུན་ནམ་ཡང་མི་དོར་བའི་ཕུལ་བྱུང་གི་གཤིས་རྒྱུད་མངོན་ཞིང་། དུས་རབས་གསར་པའི་འོག་གི་མི་རིགས་མཐུན་སྒྲིལ་མཚོན་པར་བྱས་པ་དེའི་ཐོག་ནས་ཏང་ལ་བཀའ་དྲིན་དང་རྒྱལ་ཁབ་གནས་ཚུལ་བློ་ལ་བརྟན་པོར་ངེས་པ་མཚོན་ཡོད་པ་རེད། དེ་དང་ཆབས་ཅིག་ཀརྨ་སྒར་བྲིས་ལུགས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཡིན་པའི་ལེགས་སྨོན་གྱིས་ད་དུང་ཐབས་ལམ་གསར་རྐྱང་གི་ཐོག་ནས་རང་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་གཞི་རྒྱུ་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད། ལེགས་སྨོན་གྱི་ཀརྨ་སྒར་བྲིས་ཐང་ག་རྒྱུན་མཐུད་ངང་བྲིས་པར་བརྟེན་ནས་ཝུའུ་ཧོའུ་ཆུས་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མི་རིགས་ཆོས་ལུགས་ཚན་ཁག་གི་མགོ་འཛིན་ལིན་ཞའོ་ཡུན་གྱིས“ལེགས་སྨོན་གྱི་ཐང་ག་བཞེངས་པ་ནས་ང་ཚོས་དཀར་མཛེས་ཁུལ་གྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དཀར་མཛེས་མི་དམངས་ཀྱི་སྙིང་སྟོབས་ཤེས་རྟོགས་ཐུབ་སོང”ཞེས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་བཤད།
དཔག་སངས་དོན་འགྲུབ་ནི་རང་ཁུལ་གྱི་དཀར་མཛེས་རྫོང་གི་མི་ཡིན་ཞིང་། ཁམས་པའི་བོད་ཡིག་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་ཞིག་རེད། སྔར་ནས་ད་བར་ཁོང་གིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རང་ཁུལ་གྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུའི་རེ་བ་བཅངས་དང་འཆང་བཞིན་ཡོད། 2015ལོར་དཔག་སངས་དོན་གྲུབ་ཀྱིས་མ་དངུལ་སྒོར་ཁྲི100ལྷག་ཙམ་གྲབས་གསོག་བྱས་ནས་ཁམས་ཕྱོགས་སྒྱུ་རྩལ་ལས་དོན་དང་དཔེ་ཀློག་ཁང་བཙུགས་ཏེ་ཆེད་མངགས་བོད་ཡིག་ཡིག་གཟུགས་སྦྱོང་གི་ཡོད། 2013ལོར་ཁོང་གིས་ད་དུང“དཔག་སངས་སློབ་ཞུགས་རོགས་སྐྱོར་བྱ་དགའ”བཙུགས་ནས་རྫོང་ཁོངས་མི་རིགས་རིག་གནས་ཁྱབ་གདལ་པ་དང་ལེགས་སྐྱེས་འབུལ་མཁན་ལ་བྱ་དགའ་སྤྲད་པ་རེད། ཉིན་ཤས་གོང་ཁོང་གིས་ད་དུང་བོད་ཡིག་ཡིག་གཟུགས་ཀྱི་བྲིས་མ་རིང་མོ《དགེ་རྟག་གཞས་ཚིག》དང《བོད་ཡིག་ཡིག་གཟུགས་གསར་གཏོད་ཀྱི་ལོ་རྟགས་བཅུ་གཉིས》བྲིས་ནས་ཏང་དབུ་བརྙེས་ནས་ལོ100འཁོར་བར་ལེགས་སྐྱེས་ཕུལ་བ་རེད། ཁོང་གིས་གསར་འགོད་པར“ངས་བོད་ཡིག་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་ན་གཞོན་དེ་བས་མང་བ་འཛོམས་ནས་སྤེལ་རེས་དང་ཞིབ་འཇུག་ཟམ་མི་ཆད་པར་བྱས་པར་བརྒྱུད་ཁམས་པའི་ཡིག་གཟུགས་དེ་རྒྱུན་གཏན་གྱི་འཚོ་བའི་ནང་སྔར་བས་མཉམ་འདྲེས་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།
ཤེས་ལྡན་མི་སྣ་ནི་བྱ་གཞག་གི་རྨང་གཞི་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་སྤེལ་བ་ནས་བཟུང་། རང་ཁུལ་གྱིས་ཤེས་ལྡན་མི་སྣར་བརྟེན་ནས་ཁུལ་དར་རྒྱས་སྟོབས་ཆེ་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས་ཤེས་ལྡན་པ་རྟོགས་པ་དང་ཤེས་ལྡན་པར་དགའ་ཞེན། ཤེས་ལྡན་པར་བརྩི་བཀུར། ཤེས་ལྡན་པ་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ནས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ11དང་། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ59 ཁུལ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུད་འཛིན་པ393བཅས་གསོ་སྦྱོང་བྱས་ཡོད། དེ་དང་ཆབས་ཅིག་རང་ཁུལ་གྱིས་ད་དུང་རིག་རྩལ་རྒྱུན་འཛིན་ཐད་མཆོང་སྐྱོད་གསར་པ་ཡོང་རྒྱུར་སྣང་ཆེན་བྱས་ནས་རིགས་ཁག་གི་རིག་རྩལ་དཔུང་ཁག2493བཙུགས་པའི་ནང་ཁུལ་རིམ་པའི་གླུ་གར་ཚོགས་པ1དང་རྫོང་རིམ་པའི་སྐལ་བཟང་མེ་ཏོག་སྒྱུ་རྩལ་ཚོགས་པ16ཡོད་པར་མ་ཟད། ད་དུང་ཁུལ་གྱི་གླུ་གར་གྲངས་གཞིའི་མཛོད་ནང་བཙུགས་ནས་གླུ་གར་སྣ་ཚོགས3912བསྡུ་སྒྲིག་བྱས་ཏེ་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་ཨང་དང་པོར་སླེབས་ཡོད་པ་རེད།།
རྩོམ་གསར། 10